ཨོ་སི་ཀྲོ་ལི་ཡ་དང་རྒྱ་ནག་འབྲེལ་ལམ་བཟང་དུ་གཏང་རྒྱུ།

ཨོ་སི་ཀྲོ་ལི་ཡ་དང་རྒྱ་ནག་ཡུལ་གཉིས་དབར་གྱི་ད་ཡོད་འབྲེལ་ལམ་མཇུག་སྐྱོང་གནང་རྒྱུར་མོས་མཐུན་བྱུང་ཡོད་ལུགས།

༄༅༎ཨོ་སི་ཀྲོ་ལི་ཡ་དང་རྒྱ་ནག་དབར་འབྲེལ་ལམ་བཟང་དུ་གཏོང་རྒྱུར་མོས་མཐུན་བྱུང་ཡོད་འདུག

ཉིན་གཅིག་གོང་ཨོ་སི་ཀྲོ་ལི་ཡའི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་མཱལ་ཌོམ་ཀྲན་སྦུལ་གྱིས་རྒྱ་ནག་གི་སྲིད་བློན་གཞོན་པ་ལི་ཀེ་ཆང་མཇལ་འཕྲད་སྐབས་རྒྱ་ནག་ཨོ་སི་ཀྲོ་ལི་ཡའི་སྲུང་སྐྱོབ་ལ་ཉེན་ཁ་ཡོད་པའི་དགྲ་བོ་ལྟ་བུར་ངོས་འཛིན་བྱས་ན་འགྲིགས་ཀྱི་མེད་སྐོར་གཏམ་བཤད་གནང་བའི་རྗེས་སུ་ཡུལ་གཉིས་དབར་གྱི་ད་ཡོད་འབྲེལ་ལམ་མཇུག་སྐྱོང་གནང་རྒྱུར་མོས་མཐུན་བྱུང་ཡོད་ལུགས་གཞུང་འབྲེལ་ཧྲིང་ལྦ་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག ཨོ་སི་ཀྲོ་ལི་ཡ་དང་རྒྱ་ནག་དབར་ཚོང་དོན་གྱི་འབྲེལ་ལམ་ཆེན་པོ་ཡོད་པ་མ་ཟད་རྒྱ་ནག་གི་གནོན་ཤུགས་ཀྱང་གང་འཚམས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་རེད། ཡུལ་དེའི་ཕྱོགས་འགལ་གུ་ཡངས་ཚོགས་པས་རྒྱ་ནག་གི་ཞི་བདེའི་འཛུགས་བསྐྲུན་ལ་བསྔགས་བརྗོད་དང་སྦྲགས་ཡུལ་གཉིས་ཀྱི་མཛའ་འབྲེལ་ལ་འཁོན་འཛིན་གྱི་གཞི་རྩ་མཐོང་གི་མེད་དང་སླད་ཕྱིན་ཆད་ནས་གང་ཅིའི་འབྲེལ་ལམ་གོང་མཐོར་སྤེལ་དགོས་ལུགས་གསུངས་གནང་ཡོད་འདུག ཨོ་སི་ཀྲོ་ལི་ཡས་རྒྱ་ནག་གཅིག་གི་སྲིད་བྱུས་ངོས་འཛིན་གནང་གི་ཡོད་པར་བརྟེན་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་ལ་རྒྱབ་སྐྱོར་གནང་གི་མེད་པ་དེ་ནི་ཡུལ་གཉིས་ཀྱི་ཆབ་སྲིད་ཀྱི་འབྲེལ་ལམ་གྱི་རྩ་བ་ཡིན་ལུགས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ཧེ་ཡ་ཕེའི་ཡིས་བསྔགས་བརྗོད་གནང་འདུག ཡང་ཁོང་གིས་ཨོ་སི་ཀྲོ་ལི་ཡ་དང་རྒྱ་ནག་གཉིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་རྒྱལ་ཁབ་གལ་ཆེ་ཤོས་གཉིས་ཡིན་སྟབས་ཡུལ་གཉིས་ཀྱི་འབྲེལ་ལམ་སྤྱི་དང་ལྷག་དོན་དུ་དཔལ་འབྱོར་དང་རིག་གཞུང་གི་འབྲེལ་ལམ་ཟབ་པོ་དགོས་ལུགས་གསུངས་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org