ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་བལ་ཡུལ་ནས་རྐུན་ལ་ཤོར་བའི་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
- 2025-03-14
-
-
-
འདས་པའི་ལོ་འགའི་རིང་ལ་འཛམ་གླིང་གི་སྙན་གྲགས་ཅན་གྱི་སྒྱུ་རྩལ་སྡེ་ཚན་དག་གིས་ཡོང་ཁུངས་རྙོག་འཛིང་ཅན་དང་རྐུ་འཁྱེར་བྱས་བའི་དངོས་རྫས་སོགས་ཕྱིར་སློག་གི་གནད་དོན་དང་འབྲེལ་ནས་འགྲེམས་སྟོན་ཁང་གི་གསོག་ཉར་དངོས་རྫས་དག་ལ་རྩིས་ཞིབ་བྱེད་བཞིན་ཡོད་པ་ལྟར། ད་ལྟ་ཨ་རིའི་ཆི་ཁ་གྷོ་གྲོང་ཁྱེར་སྒྱུ་རྩལ་སློབ་གླིང་ཡང་ལས་དོན་དེའི་ནང་ཞུགས་ཏེ་རྐུན་ལ་ཤོར་བའི་དངོས་རྫས་ཡིན་པར་ངོས་འཛིན་བྱུང་བའི་དུས་རབས་ ༡༢ པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་འདྲ་ཞིག་བལ་ཡུལ་ལ་ཕྱིར་སློག་བྱེད་རྒྱུ་རེད་འདུག
སྐུ་འདྲ་དེ་ནི་ཀླུ་རྒྱལ་ (Muchalinda) སྐྱབས་པའི་སངས་རྒྱས་ཞེས་མིང་ཐོགས་པའི་སྐུ་འདྲ་ཞིག་ཡིན་པ་དང་། ཀླུ་རྒྱལ་ (Muchalinda) གྱིས་གློ་བུར་དུ་བྱུང་བའི་དྲག་ཆར་ཞིག་གི་སྐབས་སུ་སངས་རྒྱས་ལ་སྲུང་སྐྱོབ་ཀྱི་བྲག་ཕུག་ཅིག་བསྐྲུན་ནས་ཏིང་ངེ་འཛིན་གྱི་གནས་སུ་བཞུགས་ཐུབ་པ་མཚོན་གྱི་ཡོད་པ་དང་། དངོས་པོ་འདི་ནི་ལྷའི་ཐུགས་རྗེའི་མཚོན་རྟགས་ཤིག་ཀྱང་ཡིན་ལ། དེ་ནི་ ༡༩༩༧ ནས་བཟུང་སྟེ་འགྲེམས་སྟོན་ཁང་དེའི་ནང་ཡོད་འདུག
འཇིམ་བརྙན་དེའི་སྐོར་ལ་རྒྱུན་མཐུད་དུ་ཞིབ་འཇུག་བྱས་པའི་ནང་དོན་གསར་པ་ཁ་ཤས་ཐོན་པ་དང་། དེས་རྒྱལ་ས་ཝ་ཤིན་ཀྲོན་ཌི་སི་ནང་ཡོད་པའི་བལ་ཡུལ་གྱི་གཞུང་ཚབ་དང་བལ་ཡུལ་གྱི་གཞུང་བཅས་མཉམ་ལས་བརྒྱུད་མཐའ་མཇུག་ཏུ་འཇིམ་བརྙན་དེ་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུ་ལུང་གཤོངས་ཀྱི་ (Guita Bahi) ནས་རྐུན་ལ་ཤོར་བ་ར་འཕྲོད་བྱུང་ནས་ཚང་མས་ཕྱིར་བལ་ཡུལ་ལ་ཕྱིར་སློག་བྱེད་རྒྱུར་མོས་མཐུན་བྱུང་འདུག
ཨ་རིའི་སྒྱུ་རྩལ་སློབ་གླིང་གི་འབྱུང་ཁུངས་ཉམས་ཞིབ་ཚན་པའི་འཛིན་སྐྱོང་འགན་འཛིན་ཇཱག་ཤུ་མཱ་ཁར་ (Jacques Schuhmacher) གྱིས་གསལ་བསྒྲགས་སྤེལ་བའི་ནང་དུ། དངོས་རྫས་ཕྱིར་སློག་འདིས་ཐོག་མའི་ཞིབ་འཇུག་གི་གལ་གནད་མཚོན་པ་མ་ཟད། སྒྱུ་རྩལ་སློབ་གླིང་ནས་རྒྱལ་ཁབ་དང་ཚོགས་པ་དང་མཉམ་འབྲེལ་དང་སྔོན་འགོག་གི་ལས་དོན་སྤེལ་བའང་མཚོན་གྱི་ཡོད་ཅེས་བརྗོད་ཡོད།
བལ་ཡུལ་གྱི་གཞུང་ཚབ་ཀྱི་ལས་ཚབ་འགན་འཛིན་ཤ་རཱ་ཌ་རཱ་ཇ་ཨ་རཱན་ (Sharad Raj Aran) ནས་མུ་མཐུད་དུ། འཇིམ་བརྙན་འདི་ནི་དུས་རབས་མང་པོའི་རིང་བལ་ཡུལ་གྱི་ཆོས་ལུགས་དང་། བསམ་བློ། རིག་གཞུང་གི་ངོ་བོ་གཏོད་མཁན་གྱི་གཏམ་རྒྱུད་དང་སྲོལ་རྒྱུན། རིན་ཐང་བཅས་ཀྱི་འདྲེན་བྱེད་ཅིག་ཡིན། དངོས་རྫས་ཕྱིར་སློག་འདིས་ཤུལ་བཞག་དང་སྤྱི་ཚོགས་བར་གྱི་འབྲེལ་བ་ཇེ་ལེགས་སུ་གཏོང་བ་དང་མ་འོངས་པའི་མི་རབས་ཚོས་ཀྱང་རང་གི་ལོ་རྒྱུས་དང་འབྲེལ་མཐུད་བྱེད་ཐུབ་པ་བྱེད་ཀྱི་རེད་ཅེས་བརྗོད་ཡོད།
(AIC) ནི་ཉེ་དུས་རིང་བལ་ཡུལ་ལ་རྟེན་རྫས་ཕྱིར་སློག་བྱེད་མཁན་གྱི་འགྲེམས་སྟོན་ཁང་ཁོ་ན་དེ་མ་ཡིན་པར། ༢༠༢༢ལོར་ནིའུ་ཡོག་གྲོང་ཁྱེར་གྱི་ (Metropolitan) སྒྱུ་རྩལ་འགྲེམས་སྟོན་ཁང་གིས་དུས་རབས་༡༣པའི་ནང་བཟོས་པའི་ཤིང་གི་སྐུ་འདྲ་གཉིས་བལ་ཡུལ་གཞུང་ལ་རྩིས་སྤྲོད་བྱས་པ་དེ་གཉིས་ཀ་ཀ་ཐ་མན་གྲུའི་ལྷ་ཁང་ནས་རྐུན་ལ་ཤོར་བ་ཡིན་འདུག ལོ་དེ་རང་ལ་ལོན་ཌོན་འགྲེམས་སྟོན་ཁང་གིས་རྐུན་ལ་ཤོར་བའི་རྟེན་རྫས་ ༧༠ ལྷག་ནི་ཇི་རི་ཡ་ལ་ཕྱིར་སློག་བྱས་པ་དང་། ཨ་རིའི་ (Smithsonian) འགྲེམས་སྟོན་ཁང་གིས་ཀྱང་དེ་བཞིན་དུ་ཚུལ་མཐུན་གྱི་ཕྱིར་སློག་སྲིད་ཇུས་ལག་བསྟར་བྱས་རྗེས་ཟངས་ཀྱི་སྐུ་འདྲ་ ༢༩ བལ་ཡུལ་ལ་ཕྱིར་སློག་གནང་འདུག
དེ་བཞིན་ཉེ་ལམ་ཨ་རིས་བོད་བརྒྱུད་ནང་བསྟན་གྱི་གནའ་བོའི་རིག་དངོས་ཁག་ཅིག་རྒྱ་ནག་ལ་ཕྱིར་སྤྲོད་བྱས་པར་བོད་མི་ཚོས་སེམས་ཚབས་བྱེད་བཞིན་པའི་གནས་ཚུལ་ཡང་བྱུང་ཡོད།།
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།