རྒྱ་ནག་གོ་མཚོན་ཕྱིར་ཚོང་བྱེད་མཁན་གྱི་རྒྱལ་ཁབ་ཨང་གསུམ་པ།
འཛམ་གླིང་ནང་གོ་མཚོན་ལག་ཆ་ཕྱིར་ཚོང་བྱེད་མཁན་གྱི་རྒྱལ་ཁབ་ཨང་གསུམ་པ་དེ་རྒྱ་ནག་ཆགས་ཡོད་འདུག
-
2015-03-16 -
-
-
འཛམ་གླིང་ནང་གོ་མཚོན་ལག་ཆ་ཕྱིར་ཚོང་བྱེད་མཁན་གྱི་རྒྱལ་ཁབ་ཨང་གསུམ་པ་དེ་རྒྱ་ནག་ཆགས་ཡོད་འདུག
དེ་ཡང་སེ་ཊོག་ཧོལྨསེ་Stockholmནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཞི་བདེ་ཞིབ་འཇུག་ལས་ཁང་Stockholm International Peace Research Instituteཞེས་པས་བཏོན་པའི་སྙན་ཐོའི་ནང༌། ད་བར་ཇར་མན་ནེ་འཛམ་གླིང་ནང་གོ་མཚོན་ལག་ཆ་ཕྱིར་ཚོང་བྱེད་མཁན་གྱི་རྒྱལ་ཁབ་ཨང་གསུམ་པ་ཡིན་ཡང་ད་ཆ་རྒྱ་ནག་ཨང་གསུམ་པར་སླེབས་ཡོད་འདུག ཕྱི་ལོ་༢༠༡༠ནས་༢༠༡༤བར་འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་ཨང་གཉིས་པ་རྒྱ་ནག་གིས་གོ་མཚོན་ལག་ཆ་ཕྱིར་ཚོང་དེ་སྔའི་ལོ་ལྔ་ལས་བརྒྱ་ཆ་༡༤༣འཕར་ཡོད་འདུག སྙན་ཐོའི་ནང་ཨེ་ཤེ་ཡའི་རྒྱལ་ཁབ་ཚོས་མཚོ་དམག་གཙོ་བོར་བྱས་པའི་གོ་མཚོན་ལག་ཆ་མཁོ་སྒྲུབ་རྒྱ་བསྐྱེད་བྱ་མུས་དང་། རྒྱ་ནག་གི་གོ་མཚོན་ལག་ཆ་བརྒྱ་ཆ་༦༨ལྷག་པ་ཀི་སི་ཐན་དང༌། བྷང་ལ་དྷེ་ཤེ། མ་ཡནྨར་གསུམ་ལ་བཙོངས་ཡོད་འདུག དེ་མིན་རྒྱ་ནག་ཨཕྷ་རི་ཀའི་རྒྱལ་ཁབ་བཅོ་བརྒྱད་དང་གོ་མཚོན་ལག་ཆའི་ཚོང་འབྲེལ་ཡོད་འདུག
ཡང་སྙན་ཐོ་དེའི་ནང་རྒྱ་ནག་དང་གོ་མཚོན་ལག་ཆའི་ཚོང་འབྲེལ་ཡོད་པའི་རྒྱལ་ཁབ་མང་ཆེ་བ་ཨ་མི་རི་ཀའི་འགལ་ཟླ་ཡིན་པ་མངོན་གསལ་དོད་པོ་ཡོད་འདུག རྒྱ་ནག་གིས་གོ་མཚོན་ལག་ཆའི་ཚོང་འབྲེལ་ཐད་ཞིབ་འཇུག་ནན་པོ་བྱས་ནས་རྒྱལ་ཁབ་བྱེ་བྲག་པའི་སྲུང་སྐྱོབ་དགོས་མཁོ་དང་མཐུན་པ་དང་། རྒྱལ་སྤྱིའི་ཞི་བདེ་སྲུང་སྐྱོབ་ལ་གནོད་གཞི་མེད་པ། དེ་བཞིན་རྒྱལ་ཁབ་དེ་དག་གི་ཆབ་སྲིད་ལ་ཐེ་བྱུས་མེད་པའི་ཐབས་ཤེས་གནང་གི་ཡོད་ལུགས་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཧོང་ལེ་Hong Liཡིས་གསལ་བཤད་གནང་འདུག ཕྱི་ལོ་༢༠༡༠-༢༠༡༤བར་རྒྱ་ནག་གིས་ཕྱི་རྒྱལ་ནས་གོ་མཚོན་ལག་ཆ་མཁོ་སྒྲུབ་བརྒྱ་ཆ་༤༢ཆགས་ཡོད་འདུག དེ་ལྟར་ཡང་རྒྱ་ནག་གིས་དམག་དོན་ཐོག་འགྲོ་སོང་ལོ་ལྟར་བརྒྱ་ཆ་བཅུ་ལྷག་གཏོང་གི་ཡོད་པ་ཡོངས་གྲགས་ཡིན་པ་རེད།
གསར་འགོད་པ་ཀརྨ་རྒྱ་མཚོ།