ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཆེད་ཞུ་སྙན།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐུ་མཆེད་མི་ལྔ་ཡིས་རིན་པོ་ཆེ་མཆོག་ལ་ཁྲིམས་ཞིབ་བསྐྱར་དུ་བྱེད་དགོས་པའི་སྐོར་ཞུ་སྙན།

༄༅༎ཁམས་ལི་ཐང་ཁུལ་གྱི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐུ་མཆེད་མི་ལྔ་ཡིས་རིན་པོ་ཆེ་མཆོག་ལ་ཁྲིམས་ཞིབ་བསྐྱར་དུ་བྱེད་དགོས་པའི་སྐོར་ཡུལ་མི་གསུམ་ཁྲི་ལྷག་གིས་ས་རྟགས་འཁོད་པའི་སྙན་ཞུ་ཁྱེར་ནས་ཉེ་དུས་རྒྱ་ནག་གི་རྒྱལ་ས་པེ་ཅིན་ལ་ཆེད་བངགས་ཕེབས་ཡོད་ཀྱང་རྒྱ་ནག་གཞུང་གིས་ཁོངས་རྣམས་ཟི་ཁྲོན་ལ་བཙན་ཤེད་ཐོག་ནས་ཕྱིར་ལོག་བཏང་འདུག

རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་བཞུགས་མཁན་མཚན་འདོན་གནང་འདོད་མེད་པ་ཞིག་གིས་ཁ་སྔོན་ཨེ་པི་གསར་འགྱུར་ལས་ཁང་ལ་གསུངས་གསལ་ལྟར་ན་གཟའ་འཁོར་སྔོན་མའི་ནང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐུ་མཆེད་རྣམས་ཀྱི་ཟི་ཁྲོན་ཞིང་ཆེན་གྱི་གྲོང་ཁྱེར་གྲན་ཏུར་ཡོད་པའི་ཁྲིམས་ཁང་ལ་བཅར་ནས་རྒྱ་མིའི་བཙོན་འཇུག་འོག་ཡོད་པའི་རིན་པོ་ཆེ་མཆོག་མཇལ་འཕྲད་ཆོག་པའི་འབོད་སྐུལ་ཞུས་ཡོད་པ་དང་ཡིན་ནའི་ཁྲིམས་ཁང་གིས་ཁོང་རྣམས་ལ་རིན་པོ་ཆེ་མཇལ་འཕྲད་ཆོག་པའི་བཀའ་ཁྲོལ་གནང་ཡོད་མེད་ཤེས་རྟོག་མ་བྱུང་ཞེས་བརྗོད་འདུག ཟི་ཁྲོན་ཞིང་ཆེན་གྱི་ཉག་ཆུ་ཁ་རྫོང་ཁོངས་བོད་མི་རྣམས་ཀྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གི་བཙོན་མཇུག་འོག་ནས་གློད་བཀྲོལ་གཏོང་དགོས་པའི་རེ་སྐུལ་གནང་ནས་གཟའ་སྤེན་པ་ནས་གཟའ་འཁོར་འདིའི་གཟའ་མིག་དམར་རིང་ཟས་བཅད་ངོ་རྒོལ་གནང་བའི་སྐབས་རྒྱ་ནག་གཞུང་གིས་ཁུལ་དེར་རྒྱ་མིའི་དམག་མི་འབོར་ཆེན་བཀྲམས་པ་མ་ཟད་ཁུལ་དེའི་ནང་འགྲོ་འོང་དམ་བསྒྲགས་བྱས་ནས་རྟོག་ཞིབ་ནན་པོ་བྱེད་བཞིན་ཡོད་པ་དང་འདི་ག་རླུང་འཕྲིན་ཁང་ལ་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་མཁན་ཞིག་གིས་གསུངས་དོན་ལྟར་ན་བོད་མི་དགུ་བཅུ་ཙམ་ཉག་ཆུ་རྫོང་ནས་ལེ་དབར་བཞིའི་མཚམས་སུ་ཡོད་པའི་རྒྱ་མིའི་བཙོན་ཁང་ཞིག་ཏུ་བཀག་ཉར་བྱེད་བཞིན་པའི་གནས་ཚུལ་འགྲེལ་བརྗོད་གནང་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org