བོད་དུ་སླར་ཡང་བོད་མི་ཞིག་གིས་རང་ལུས་མེར་བསྲེག

ཆབ་མདོ་ཀརྨ་ཤང་གི་ཉེ་འགྲམ་གྱིང་ཐང་གྲོང་སྡེར་ཀརྨ་དགོན་གྱི་གྲྭ་ཟུར་བསྟན་འཛིན་ཕུན་ཚོགས་ཀྱིས་རང་ལུས་མེ་སྲེག་བཏང་ཡོད་འདུག

༄༅༎སྤྱི་ཟླ་༡༢་ཚེས་༡་ཉིན་བོད་མདོ་ཁམས་ཆབ་མདོ་ཀརྨ་ཤང་གི་ཉེ་འགྲམ་གྱིང་ཐང་ཞེས་པའི་གྲོང་སྡེར་ཀརྨ་དགོན་གྱི་གྲྭ་ཟུར་བསྟན་འཛིན་ཕུན་ཚོགས་ཀྱིས་རང་ལུས་མེ་སྲེག་བཏང་ཡོད་འདུག་པ་དང༌། གང་འཚམས་ནས་རྒྱ་མི་ཉེན་རྟོག་པས་མེ་བསད་དེ་ཆབ་མདོ་སྨན་ཁང་ནང་ཁུར་ཡོད་འདུག
ཁོང་གིས་རང་ལུས་མེ་ལ་སྲེག་སྐབས་སྐད་འབོད་བྱེད་བཞིན་ལག་པ་ནས་ཡི་གེ་འགྲེམས་སྤེལ་བྱེད་ཀྱི་ཡོད་པ་མཐོང་ན་ཡང༌། སྐད་འབོད་དང་ཡི་གེའི་ནང་དོན་ག་རེ་ཡིན་པ་གསལ་པོ་ཤེས་མི་འདུག འོན་ཀྱང་ཉིན་ཤས་སྔོན་ནས་ཉེ་འཁོར་གྱི་གྲོགས་པོ་རྣམས་ལ། ཀརྨ་དགོན་པར་དམ་བསྒྲཌ་ཐོག་དགེ་འདུན་པ་མང་པོ་འཛིན་བཟུང་བྱས་པ་དང་། ཐ་ན་ཀརྨ་དགོན་སྒོ་བརྒྱབ་རྒྱུའི་སྐད་ཆ་ཡོང་གི་ཡོད་པ་དེར་མི་འདོད་པ་ཤུགས་ཆེ་བྱེད་བཞིན་ཡོད་འདུག
བསྟན་འཛིན་ཕུན་ཚོགས་ཁོང་ནི་དགུང་ལོ་༤༦་ཡིན་པ་དང༌། བཟའ་ཟླའི་མིང་ལ་སྒྲོལ་མ་དང༌།  ཁོང་ལ་ཕྲུ་གུ་བུ་༢་དང་བོུ༡་ཡོད་འདུག
སྤྱིར་ད་ལོ་སྤྱི་ཟླ་༡༠་ཚེས་༢༦་ ཉིན་ཀརྨ་ཤང་ནང་འབར་རྫས་བརྒྱབ་པ་དང༌། རང་བཙན་སྦྱར་ཡིག་འགྲེམས་སྤེལ་བྱས་པའི་དོན་རྐྱེན་ཐོན་པ་ནས། རྒྱ་ནག་གཞུང་གིས་ཀརྨ་དགོན་གྲོང་གཉིས་ལ་དམ་བསྒྲཌ་ཤུགས་ཆེར་བྱེད་བཞིན་ཡོད་ལ། རྩོམ་པ་པོ་འོད་ཟེར་ཀྱི་དྲ་རྒྱའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། འབར་རྫས་གར་གཏོར་གྱི་དོན་རྐྱེན་བྱུང་རྗེས། རྒྱ་ནག་གཞུང་ཕྱོགས་ནས་ཀརྨ་དགོན་པའི་གྲྭ་པ་༧༠ འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང༌། གྲྭ་བ་གཞན་ཁག་ཅིག་དགོན་པ་ནས་ཕྱིར་ཐོན་ཏེ་རི་ལ་བྲོས་བྱོལ་དུ་ཕྱིན་ཡོད་པ་རེད། ཀརྨ་དགོན་པ་ནི། ༡༡༨༥་ལོར་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་མཆོག་གིས་ཕྱག་བཏབ་པ་ཞིག་ཡིན་པ་དང༌། ཉེ་ཆར་དམ་བསྒྲཌ་འཛིན་བཟུང་མ་བྱས་པའི་སྔོན་ ཁྱོན་བསྡོམས་གྲྭ་པ་ ༢༠༠ལྷག་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org