སྨན་བཅོས་ལྟ་སྐྱོང་གི་ལས་གཞི་དེའི་ཕན་ཐོགས་སྐོར་གྱི་གཟབ་སྦྱོང༌།
སྲིད་སྐྱོང་མཆོག་གིས་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་འགོ་བཙུགས་ནས་ལོ་ངོ་དྲུག་རིང་ལ་བོད་མིའི་ཁྲོད་ཡིད་ཆེས་བྱེད་མཁན་དང་མཉམ་ཞུགས་བྱེད་མཁན་ཇེ་མང་དུ་འགྲོ་གི་ཡོད་པའི་སྐོར་གསུངས་ཡོད་པ།
-
2017-10-25 -
-
-
༄༅༎དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་བཙན་བྱོལ་བོད་མི་ཚོའི་འཕྲོད་བསྟེན་གནས་སྟངས་ཡར་རྒྱས་གཏོང་ཐབས་ལ་དམིགས་པའི་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་དེའི་ཕན་ཐོགས་སྐོར་གྱི་ཉིན་གསུམ་གྱི་གཟབ་སྦྱོང་དབུ་ཚུགས་མཛད་སྒོའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་འགོི་བཙུགས་ནས་ལོ་ངོ་དྲུག་རིང་ལ་བོད་མིའི་ཁྲོད་ཡིད་ཆེས་བྱེད་མཁན་དང་མཉམ་ཞུགས་བྱེད་མཁན་ཇེ་མང་དུ་འགྲོ་གི་ཡོད་པའི་སྐོར་གསུངས་ཡོད་པ་རེད་།
ཕྱི་ཟླ་༡༠ཚེས་༢༥ཉིན་ལོ་འཁོར་གཟབ་སྦྱོང་དེའི་ནང་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཁག་༣༣ ནས་ཉུང་ཐར་སྨན་དང་འབྲེལ་བ་ཡོད་པའི་ལས་བྱེད་པ་དང་སྨན་པ། འཕྲོད་བསྟེན་ལས་བྱེད་པ་སོགས་ཁྱོན་མི་གྲངས་༤༨ མཉམ་ཞུགས་བྱས་ཡོད་པ་དང་སྐབས་དེར་སྲིད་སྐྱོང་མཆོག་གི་གཟབ་སྦྱོང་དབུ་ཚུགས་མཛད་སྒོའི་ཐོག་གཏམ་བཤད་གནང་བའི་ནང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་བྱེད་པ་ཚོ་དང་དམིགས་ཀར་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་ཐོག་ལ་ཕྱག་ལས་གནང་མཁན་ལས་བྱེད་པ་ཚོར། སྨན་བཅོས་ལྟ་སྐྱོང་གི་ལས་གཞི་ནང་འཛུལ་ཞུགས་བྱེད་མཁན་མང་ཚོགས་ལ་སྤུས་ཚད་དང་གཞན་ཕན་གྱི་བསམ་པའི་ཀུན་སློང་བཟང་པོ་འཁྱེར་བའི་ཐོག་ནས་ལམ་སྟོན་བྱ་རྒྱུ་དང་ཚོགས་མི་ཚོར་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་ཐོག་ནས་ལྟ་སྐྱོང་ལེགས་པོ་ཐོབ་ཐུབ་པ་ཡོང་རྒྱུར་ཁོང་ཚོར་ཡིད་ཆེས་འཕེར་བའི་ལས་དོན་གྲུབ་དགོས་པའི་སྐོར་འབོད་སྐུལ་གནང་ཡོད་པ་རེད་།
དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་མཆོག་གིས་ཀྱང་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་དེ་ནི་ཚོང་དང་ཁེ་ཕན་སྐྲུན་ཐབས་ཆེད་དུ་དམིགས་པ་ཞིག་མིན་པ་དང་།དེ་ནི་གཙོ་བོ་བོད་མི་ཚོའི་བདེ་ཐང་དང་འཕྲོད་བསྟེན་གྱི་གནས་སྟངས་ཡར་རྒྱས་གཏོང་རྒྱུར་དམིགས་པའི་ལས་གཞི་ཁོ་ན་ཡིན་ཞིང་། འདས་པའི་ལོའི་ནང་སྨན་བཅོས་ཀྱི་ལྟ་སྐྱོང་གི་ལས་གཞིའི་ནང་འཛུལ་ཞུགས་བྱེད་མཁན་བོད་མི་བརྒྱ་ལྷག་མང་དུ་འཕེལ་རྒྱས་ཕྱིན་ཡོད་པ་དེ་ནི་མང་ཚོགས་ཁྲོད་དུ་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་ཁེ་ཕན་ཤེས་རྟོགས་ཐུབ་པ་ཞིག་དང་ལས་གཞི་དེར་རྒྱབ་སྐྱོར་གནང་མཁན་ཚོར་བསྔགས་བརྗོད་ཞུས་ཡོད་པ་རེད།