སྐུ་ཞབས་ཨའེ་ལྦེ་ལྦེས་རྒྱ་ནག་གཞུང་ལ་སྐྱོན་བརྗོད།
རྒྱ་གཞུང་དང་ལྟ་བ་ཐ་དད་འཛིན་མཁན་ཨའེ་ལྦེ་ལྦེས་རྒྱ་གཞུང་གིས་མི་མང་ལ་གཞི་རྩའི་རང་དབང་ཁག་སྤྲོད་ཀྱི་མིན་འདུག་ཅེས་སྐྱོན་བརྗོད།
-
2011-08-29 -
-
-
༄༅༎རྒྱ་ནག་གཞུང་དང་ལྟ་བ་ཐ་དད་འཛིན་མཁན་སྐུ་ཞབས་ཨའེ་ལྦེ་ལྦེ་ཉེ་སྔོན་བཙོན་འོག་ནས་གློད་བཀྲོལ་ཐོབ་པའི་རྗེས་ཀྱི་ཐོག་མར་རྒྱ་གཞུང་གིས་མི་མང་ལ་གཞི་རྩའི་རང་དབང་ཁག་སྤྲོད་ཀྱི་མིན་འདུག་ཅེས་སྐྱོན་བརྗོད་ཤུགས་ཆེ་གནང་འགོ་འཛུགས་ཡོད་པ་རེད་ ཁོང་གིས་རེས་གཟའ་ཉི་མ་ཉིན་ཨ་རིའི་ནིའུ་སི་ལྦིཀ་(Newsweek)ཞེས་པའི་དུས་དེབ་ཀྱི་དྲ་རྒྱའི་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དེ་དྲག་རྩུབ་ཆེ་བའི་གྲོང་ཁྱེར་ཞིག་ཏུ་གྱུར་ཡོད་སྐོར་གསུང་ཡོད་པ་རེད་ གོང་ཞུས་ཁོང་གིས་སྤེལ་བའི་རྩོམ་བྲིས་དེའི་ནང་རྒྱ་ནག་གཞུང་ནང་ལྐོག་ཟ་རུལ་སུངས་་ཧ་ཅང་གི་ཤུགས་ཆེ་ཡོད་པ་དང་གཞུང་གི་ཁྲིམས་ཀྱི་ལམ་ལུགས་དང་རྒྱ་ནག་གི་ས་ཕྱོགས་གཞན་ནས་གྲོང་ཁྱེར་ཁག་ནང་ལས་ཀ་འཚོལ་བར་ཡོང་མཁན་ཐོག་སྲིད་བྱུས་འཛིན་སྟངས་དེར་སྐྱོན་བརྗོད་གནང་ཡོད་པ་རེད་
ད་ཐེངས་ཨའེ་ལྦེ་ལྦེ་ཡིས་རྒྱ་གཞུང་ལ་སྐྱོན་བརྗོད་གནང་སྟངས་ལ་གཞིགས་ན་ཁོང་ཉེ་སྔོན་ཕྱི་ཟླ་ ༦ པའི་ནང་བཙོན་འོག་ནས་གློད་བཀྲོལ་བཏང་བའི་ཆ་རྐྱེན་ཁག་ལ་འུ་ཐུག་པའི་རྣམ་འགྱུར་ཞིག་ཆགས་ཀྱི་ཡོད་པ་དང་རྒྱ་གཞུང་ལའང་ཡུལ་གྱི་སྤྱི་ཚོགས་ཐོག་སྐྱོན་བརྗོད་གནང་མཁན་ཤུགས་ཆེ་ཤོས་དེར་ཇི་འདྲ་བྱས་ནས་གདོང་ལེན་བྱེད་དགོས་པའི་གནས་སྟངས་ཤིག་བཟོས་ཡོད་པ་རེད་
ཁོང་གི་རྩོམ་བྲིས་དེའི་ནང་ལོ་ལྟར་རྒྱ་ནག་གི་ཕྱོགས་གང་ས་ནས་པེ་ཅིང་དུ་ཁང་པ་ཐོག་བརྩེགས་མང་པོ་དང་ལམ་ཆེན་དེ་བཞིན་ཟམ་པ་སོགས་པ་སོགས་བཟོ་བར་ཡོང་མཁན་ས་ཡ་མང་པོ་ཡོད་པ་རེད། ཁོང་ཚོ་རྒྱ་གཞུང་གི་ཚེ་གཡོག་རེད་ཅེས་དང་ཁོང་ཚོས་ཁྲིམས་འགལ་ཐོག་བཟོས་པའི་ཁང་ཁུངས་ནང་སྡོད་དགོས་པ་དང་དེ་ཡང་རྒྱ་གཞུང་གིས་གཏོར་བཤིག་བཏང་བ་དང་ཁོང་ཚོས་རྒྱབ་པའི་ཁང་པ་ཐོག་བརྩེགས་མང་པོ་དེ་དག་སུས་དབང་གི་ཡོད་པ་རེད་ཅེས་སྐྱོན་བརྗོད་གནང་ཡོད་པ་རེད་ ཡང་ཁོང་གིས་རྒྱ་གཞུང་གི་དཔོན་རིགས་རྣམས་ཀྱིས་ཕྱི་རྒྱལ་ཡུལ་ཁག་གི་དཔོན་རིགས་རྣམས་པེ་ཅིང་དུ་ཡོང་སྐབས་ཚོང་འབྲེལ་བྱེད་ཤེས་ཀྱི་ཡོད་པའི་རྣམ་འགྱུར་བཏོན་ཀྱང་དོན་དངོས་ཐོག་རང་གི་མི་སེར་རྣམས་ལ་གཞི་རྩའི་རང་དབང་སྤྲོད་ཀྱི་ཡོད་པ་མ་རེད་ཅེས་སྐྱོན་བརྗོད་ཀྱི་འབྲི་རྩོམ་གནང་ཡོད་པའི་གནས་ཚུལ་ཐོན་འདུག