ཨོ་ལེན་པིཀ་རྩེད་འགྲན་གྱི་མགྲོན་བདག་རྒྱ་ནག་ལ་མ་སྤྲོད་རོགས།

ད་བར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཇེ་སྡུག་ཏུ་ཕྱིན་ཡོད་པས་རྩེད་འགྲན་མགྲོན་བདག་གི་འོས་བབས་མི་འདུག་ཟེར།

སྤྱི་ལོ་༢༠༢༢་ལོའི་དགུན་དུས་ཨོ་ལེན་ཕིག་རྩེད་འགྲན་ཚུགས་ཡུལ་གྱི་འགྲན་རྩོད་དུ་ཁྲོད་རྒྱ་ནག་ཡོད་པར་བོད་མི་ཚོས་ངོ་རྒོལ་བྱས་བ། ༢༠༡༥།༦།༡༡ TYAE

ད་བར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཇེ་སྡུག་ཏུ་ཕྱིན་ཡོད་པས་རྩེད་འགྲན་མགྲོན་བདག་གི་འོས་བབས་མི་འདུག་ཟེར།
དེ་ཡང་བོད་དོན་དོན་གཉེར་བ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་༢༠༠༨ལོའི་ཨོ་ལེན་པིཀ་རྩེད་འགྲན་རྒྱ་ནག་ནང་ཚུགས་པའི་རྗེས་ནས། ད་བར་རྒྱ་ནག་གིས་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་བཟང་དུ་གཏོང་རྒྱུའི་ཚབ་ལ་ཇེ་སྡུག་ཏུ་ཕྱིན་ཡོད་པའི་རྒྱུ་མཚན་བརྗོད་དེ། རྒྱལ་སྤྱིའི་ཨོ་ལེན་པིཀ་རྕེད་འགྲན་ཚོགས་ཆུང་ལ། མ་འོངས་༢༠༢༢ལོའི་དགུན་ཁའི་ཨོ་ལེན་པིཀ་རྩེད་འགྲན་གྱི་མགྲོན་བདག་བྱ་རྒྱུའི་གོ་སྐབས་དེ་རྒྱ་ནག་ལ་སྤྲོད་རྒྱུ་མེད་པའི་འབོད་སྐུལ་གནང་བཞིན་པ་རེད།
རྒྱལ་སྤྱིའི་ཨོ་ལེན་པིཀ་རྩེད་འགྲན་ཚོགས་ཆུང་གིས་རེས་གཟའ་པ་སངས་ཉིན་༢༠༢༢ལོའི་དགུན་ཁའི་ཨོ་ལེན་པིཀ་འགྲན་ཚོགས་ཀྱི་མགྲོན་བདག་རྒྱ་ནག་གི་རྒྱལ་ས་པེ་ཅིང་ངམ་ཀ་ཛཀ་ཁིསི་ཐན་གྱི་གྲོང་ཁྱེར་ཆེ་ཤོས་Alamaty གཉིས་གང་རུང་ཅིག་ལ་སྤྲོད་རྒྱུའི་ཐག་གཅོད་གནང་རྒྱུ་ཡིན་ནའང་། རྒྱལ་ཁབ་དེ་གཉིས་ཀ་འགྲོ་བ་མིའི་ཐོབ་ཐང་དང་། གསར་འགོད་རང་དབང་ལ་རྩིས་མེད་རྡོག་རོལ་ཤུགས་ཆེ་གཏོང་མཁན་གྱི་རྒྱལ་ཁབ་ལ་རྩིས་བཞིན་ཡོད་པ་རེད།
དེར་བརྟེན་བོད་དོན་དོན་གཉེར་བ་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཁག་ཅིག་ནས་རྒྱལ་སྤྱིའི་ཨོ་ལེན་པིཀ་རྩེད་འགྲན་ཚོགས་ཆུང་ལ་ཁག་སོ་སོས་ཞུ་སྙན་ཕུལ་ཡོད་པ་མ་ཟད། རྒྱ་ནག་གིས་ཨོ་ལེན་པིཀ་རྩེད་འགྲན་གྱི་མགྲོན་བདག་བྱ་རྒྱུའི་ཐབས་ཤེས་ཁྲུ་སློག་གཏོང་ཐབས་སུ་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་གི་ཡོད་པའི་སྙན་ཐོ་ཟུར་འབུལ་གནང་འདུག
ལོན་ཊོན་ནང་རྟེན་གཞི་གནང་བའི་བོད་རང་དབང་ལས་འགུལ་ཚོགས་པའི་Alistair Currieཡིས། ༢༠༠༨ལོར་རྒྱལ་སྤྱིའི་ཨོ་ལེན་པིཀ་རྩེད་འགྲན་ཚོགས་ཆུང་གིས་རྒྱ་ནག་ལ་རྩེད་འགྲན་གྱི་མགྲོན་བདག་བྱ་རྒྱུའི་གོ་སྐབས་སྤྲད་པ་ཡིན་ན། འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་བཟང་དུ་གཏོང་མི་ཡོང་བ་སྙམ་པའི་རེ་བ་གནང་ཡོད་རུང་། དངོས་ཡོད་གནས་སྟངས་ཐོག་རྒྱ་ནག་གི་བྱེད་སྟངས་དེ་ལས་ལྡོག་པ་བྱས་ཡོད། དེར་བརྟེན་རྒྱ་ནག་ལ་སླར་ཡང་གོ་སྐབས་དེ་སྤྲད་པ་ཡིན་ན་བོད་གཙོས་པའི་མངའ་ཁུལ་གཞན་ནང་འགྲོ་བ་མིའི་ཐོབ་ཐང་ཐོག་རྒྱ་ནག་གིས་དྲག་གནོན་མུ་མཐུད་བྱེད་རྒྱུའི་ངན་པ་ལངས་ཤོར་འགྲོ་རྒྱུ་ཡིན་ལུགས་ནན་བརྗོད་གནང་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org