བོད་ནང་གཞུང་འབྲེལ་མིན་པའི་ཚོགས་པའི་ལས་བྱེད་ལ་ཚེ་བཙོན།
རྒྱ་ནག་གཞུང་གིས་བོད་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ལས་བྱེད་ཅིག་ཚེ་བཙོན་གྱི་ཁྲིམས་བཅད་བཏང་སྐོར་གནས་ཚུལ་ཐོན་འདུག
-
2008-12-22 -
-
-
༄༅༎རྒྱ་ནག་གཞུང་གིས་བོད་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ལས་བྱེད་ཅིག་ཚེ་བཙོན་གྱི་ཁྲིམས་བཅད་བཏང་སྐོར་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་གྱིས་གནས་ཚུལ་བཏོན་ཡོད་པ་རེད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་གྱིས་བོད་ནང་གི་ཕྱི་ཟླ་བཅུ་གཅིག་པའི་ཚེས་བརྒྱད་འཁོད་པའི་གསར་ཤོག་ཅིག་ལུང་འདྲེན་གནང་ནས་བོད་མི་ཚེ་བཙོན་གྱི་ཉེས་ཆད་ཕོག་མི་དེ་དབང་འདུས་ཡིན་སྐོར་གནས་ཚུལ་བཏོན་ཡོད་པ་རེད།
ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་གྱིས་གོང་ཞུས་བོད་མི་དབང་འདུས་ཙམ་མ་ཟད་གཞན་བོད་མི་དྲུག་ལ་བཙོན་བཅུག་གི་ཉེས་ཆད་ཕོག་ཡོད་སྐོར་གསུང་འདུག དེ་བཞིན་ཚོགས་པ་དེས་གོང་ཞུས་ཀྱི་གནས་ཚུལ་དེ་དག་ཐོག་ནས་བོད་མི་དེ་དག་གིས་ཕྱི་ཕྱོགས་ལ་གནས་ཚུལ་མཁོ་སྤྲོད་བྱས་པའི་ཉེས་ཆད་དེ་ཧ་ཅང་གི་ལྕི་བོ་ཡིན་སྐོར་དང་རྒྱ་གཞུང་གིས་ད་ལྟ་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་གནས་ཚུལ་ཁག་ཕྱི་རྒྱར་མི་འགྲོ་རྒྱུའི་ཆེད་དམ་བསྒྲགས་ཤུགས་ཆེ་རུ་གཏོང་བཞིན་པ་དང་བོད་ནང་ཕྱི་རྒྱལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལས་དོན་སྤེལ་རྒྱུར་དཀའ་རྙོག་ཅིག་ཆགས་ཡོད་སྐོར་གསུང་འདུག འདི་ལོ་ཕྱི་ཟླ་གསུམ་པའི་ཚེས་བཅུ་ནས་བོད་རྒྱ་ཁྱབ་ཏུ་ཞི་རྒོལ་བྱུང་རྗེས་རྒྱ་གཞུང་གིས་ཡ་ང་སྙིང་རྗེ་མེད་པའི་དྲག་གནོན་གྱི་སྲིད་བྱུས་ཤིག་ལག་བསྟར་བྱེད་བཞིན་ཡོད་པ་དང་དལྟའི་འཆར་བོད་མི་མང་པོ་ཞིག་ལ་སྲོག་སྐྱོན་དང་དེ་ལས་མང་བ་ཞིག་ལ་སྡུག་སྦྱོང་དང་བཙོན་བཅུག་གི་ཉེས་ཆད་ཕོག་ཡོད་པ་རེད།