རྡ་ལམ་ས་ལར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ།
བོད་དོན་ཆེད་དུ་བློས་བཏང་གནང་མཁན་འདས་སོན་ཡོངས་ཀྱི་ཆེད་དུ་དེ་རིང་བཞུགས་སྒར་རྡ་རམ་ས་ལར་མཆོད་འབུལ་སྨོན་ལམ་ཚོགས་འདུག
-
2012-06-01 -
-
-
༄༅༎ཉེ་ཆར་བོད་ཀྱི་རྒྱལ་ས་ལྷ་ས་དང་འཛམ་ཐང་ས་གནས་གཉིས་སུ་ད་བར་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་གནང་སྟེ་རང་ལུས་མེ་བསྲེག་བཏང་མཁན་བོད་མི་གསུམ་གཙོ་བོར་གྱུར་བའི་གཞིས་བྱེས་གཉིས་ནས་བོད་དོན་ཆེད་དུ་བློས་བཏང་གནང་མཁན་འདས་སོན་ཡོངས་ཀྱི་ཆེད་དུ་དེ་རིང་རེས་གཟའ་པ་སངས་ཉིན་བཞུགས་སྒར་རྡ་རམ་ས་ལར་གཞུང་གི་ལས་ཁུངས་ཡོངས་རྫོགས་སྒོ་རྒྱབ་ཏེ། མཆོད་འབུལ་སྨོན་ལམ་ཚོགས་ཡོད་པ་རེད།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གི་བཀའ་འབྲེལ་འོག་ཆོས་རིག་ལས་ཁུངས་ཀྱིས་དེ་རིང་ཕྱི་ཟླ་དྲུག་པའི་ཚེས་༢ ཉིན་ཕྱེད་ཡོིལ་ཚོུད་བཞི་པའི་ཐོག་ཆོས་འབུལ་སྨོན་ལམ་གོ་སྒྲིག་ཞུས་ཡོད་ཅིང༌། དེའང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་ཇུས་ལག་བསྟར་བྱེད་པར་མི་བཟོད་པར། ཕྱི་ལོ་༢༠༡༢ ལོའི་ཕྱི་ཟླ་ལྔ་པའི་ཚེས་༢༧ ཉིན་བོད་ནང་གི་ཉིན་དགུང་ཚོུད་༢ པ་ཙམ་ལ་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་མདུན་ཐང་དུ་འབོ་ར་ནས་ཡིན་པའི་རང་ལོ་༡༩ སོན་པའི་རྡོ་རྗེ་ཚེ་བརྟན་ལགས་དང༌། ཁོང་གི་གྲོགས་པོ་ཨ་མདོ་རྔ་པ་ནས་ཡིན་པ་རང་ལོ་༢༥ སོན་པ་དར་རྒྱས་ལགས་གཉིས་ཀྱིས་རང་ལུས་མེ་བསྲེག་བཏང་བ་དང༌། རྡོ་རྗེ་ཚེ་བརྟན་ལགས་ཉིན་དེར་འདས་གྲོངས་སུ་ཕྱིན་ཡོད་པ་རེད། དེ་རྗེས་ཕྱི་ཟླ་ལྔ་པའི་ཚེས་༣༠ ཉིན་ཕྱི་དྲིའི་ཚོུད་༣ པ་ཙམ་ལ་བོད་ཀྱི་འཛམ་ཐང་ཁུལ་དུ་ཕྲུ་གུ་གསུམ་གྱི་ཨ་མ་རི་སྐྱོ་ལགས་ཀྱིས་རང་ལུས་མེ་བསྲེག་བཏང་སྟེ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོན་ཡོད་སྟབས། ཁོང་གསུམ་གཙོ་བོར་གྱུར་བའི་བོད་གཞིས་བྱེས་གཉིས་ཀྱི་ནང་བོད་དོན་ཆེད་དུ་བློས་བཏང་མཁན་འདས་སོན་ཡོངས་ལ་གདུང་སེམས་ཉམས་བསྐྱེད་དང་མྱ་ངན་རྗེས་དྲན་ཞུ་བའི་ཆེད་དུ་བཞུགས་སྒར་གཙུག་ལག་ཁང་དུ་མཆོད་སྤྲིན་བརྒྱ་ཚར་འབུལ་གཤོམ་གནང་སྟེ། མཆོད་འབུལ་སྨོན་ལམ་ཚོགས་གནང་ཡོད་ཅིང༌། མཆོད་འབུལ་སྨོན་ལམ་དུ་རྔ་པ་ཀིརྟི་དགོན་པའི་དགོན་བདག་ཀིརྟི་རིན་པ་ཆེ་དབུ་བཞུགས་ཐོག་བཀའ་བློན་ཁྲི་པ་མཆོག་དང༌། དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། བཞུགས་སྒར་ཁུལ་དུ་ཆགས་པའི་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་དང་སྔགས་པ། དེ་བཞིན་མི་དམངས་དང་ཕྱི་རྒྱལ་བ་སོགས་ཁྱོན་མི་གྲངས་བརྒྱ་ཕྲག་ལྷག་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་བ་དང༌། རྣམ་གྲྭ་དགེ་བསྐོས་ནས་ཆོས་རིག་ལས་ཁུངས་ཀྱིས་སྐྱབས་ཐོ་སྒྲོགས་འདོན་གནང་རྗེས། མུ་མཐུད་སྨོན་ལམ་གསུང་འདོན་གནང་ཡོད་པ་རེད།