བོད་རྔ་པ་ཀིརྟི་དགོན་གྱི་གྲ་ཞིག་ལ་ཁྲིམས་གཅོད།

ཀིརྟི་དགོན་གྱི་གྲྭ་དོན་ཡོད་རྡོ་རྗེ་བཙོན་འཇུག་ཁྲིམས་ཐག་བཅད་དེ་ད་ལྟ་སི་ཁྲོན་གྱི་མེན་ཡངས་ས་གནས་ཀྱི་བཙོན་ཁང་ཞིག་ཏུ་བཙོན་བཅུག

༄༅༎བོད་མདོ་སྨད་ཨ་མདོ་རྔ་པ་ཀིརྟི་དགོན་པའི་གྲྭ་དོན་ཡོད་རྡོ་རྗེ། རང་ལོ་ ༣༤ ཡིན་པ་ཁོང་ལ་ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ད་ལྟ་སི་ཁྲོན་གྱི་མེན་ཡངས་ཞེས་པའི་ས་གནས་ཀྱི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་ཡོད་པ་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་ཁང་གིས་ཕྱི་ཟླ་ ༧ ཚེས་ ༢༦ ཉིན་གནས་ཚུལ་སྤེལ་འདུག

ཁོང་ལ་ས་གནས་གང་ཞིག་གི་ཁྲིམས་ཁང་ནས་ཇི་ལྟར་ཁྲིམས་ཐག་བཅད་པ་དང། དུས་ཚོད་ནམ་ཞིག་བཅད་པ་སོགས་ཞིབ་ཕྲའི་གནས་ཚུལ་མང་པོ་ཞིག་ཤེས་རྟོགས་མེད་ན་ཡང་། ཁོང་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༨ ཉིན་དགོན་པའི་ ནང་ནས་འཛིན་བཟུང་བྱས་པ་ནས་ཡུན་རིང་གར་ཡོད་ཅི་བྱུང་གི་གནས་ཚུལ་གཅིག་ཀྱང་འབྲེལ་ཡོད་ཚོས་ཤེས་རྟོགས་མེད་པར་གྱུར་ཡོད་པ་རེད།

ཁོང་ནི་རྔ་པ་རྫོང་གཅའ་ཞང་རྭ་བའི་དཔལ་ཁོ་ཚང་ཞེས་པ་ནས་ཡིན་ཞིང་། ཕ་མིང་ལ་ དཔལ་ཁོ་ཞུ་ཤིང༌།  ཁོང་ཆུང་དུས་ནས་ཀིརྟི་དགོན་པར་གྲྭ་པ་བྱས་པ་ཞིག་ཡིན་འདུག གཞན་ཡང་ཕོ་གསར་ གསུམ་ལ་ཁྲིམས་ཐག་བཅད་དེ་མེན་ཡངས་སུ་བཙོན་འཇུག་བྱས་ཡོད་པའི་གནས་ཚུལ་འདུག་ཀྱང་ཁོང་རྣམས་ཀྱི་མིང་དང་ས་གནས་སོགས་ཤེས་རྟོགས་མེད་སྐོར་ཀིརྟི་བྱེས་པ་གྲ་ཚང་གི་བོད་གནས་འབྲེལ་མཐུད་ཁང་ནས་གནས་ཚུལ་སྤེལ་འདུག།

དེང་སྐབས་རྔ་པ་རང་སྐྱོང་ཁུལ་གྱི་རྫོང་ཁག་གཞན་གྱི་ལས་བྱེད་པ་སུམ་བརྒྱ་ཙམ་ཉིན་མཚན་གཉིས་ཀར་ཀིརྟི་དགོན་པའི་ནང་བསྡད་ཡོད་པ་དང།  དེའི་ཐོག་ད་དུང་རྔ་པ་རྫོང་ཁོངས་ཀྱི་ལས་བྱེད་པ་སུམ་བརྒྱ་ལྷག་བཅས་ཀྱིས་ ཉིན་རྟག་པར་ཀིརྟི་དགོན་པའི་གྲྭ་པ་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་མུ་མཐུད་སྤེལ་བཞིན་ཡོད་འདུག་ཅིང་། དགོན་པའི་ཕྱི་ནང་གཉིས་ཀར་དམག་མི་དང་ཉེན་རྟོག་པ། དམིགས་བསལ་ཉེན་རྟོག་པ་བཅས་ཀྱི་ལྟ་ རྟོག་འོག་གནས་མུས་ཡིན་པ་དང་། དགེ་འདུན་པ་རྣམས་ཀྱི་འགྲོ་འདུག་གི་རང་དབང་གཙོས་བྱེད་སྒོ་ཆེ་ཕྲ་མཐའ་དག་གི་ཐོག་དམ་བསྒྲཌ་ནན་པོ་བྱེད་མུས་ཡིན་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org