ཀརྨ་པ་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་རྒྱབ་སྐྱོར་།
2012.10.16
དེ་ཡང་༢༠༡༢ ལོའི་བོད་ཀྱི་གློག་བརྙན་དུས་སྟོན་བཞུགས་སྒར་དུ་ཕྱི་ཟླ་བཅུ་པའི་ཚེས་༢༦ ནས་༢༨ བར་ཉིན་གསུམ་རིང་ཚུགས་རྒྱུའི་སྔོན་འགྲོ་མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོ་དཔལ་རྒྱལ་བ་ཀརྨ་པ་མཆོག་དང་སྦྱིན་བདག་རྣམས་པར་ན་ནིང་ལོའི་གློག་བརྙན་དུས་སྟོན་སྐབས་བྱ་དགའ་ཐོབ་པའི་གློག་བརྙན་དང་འདི་ལོའི་དུས་སྟོན་ཐོག་སྟོན་རྒྱུའི་གློག་བརྙན་ཁག་གཟིགས་འབུལ་ཞུས་ཡོད་པ་རེད། སྐབས་དེར་རྒྱལ་བ་ཀརྨ་པ་མཆོག་གིས། བོད་མི་ཚོས་བཟོ་སྐྲུན་བྱས་པའི་གློག་བརྙན་ཁག་ཅིག་ལ་ཕྱིའི་སྤྱི་ཚོགས་ཁྲོད་བྱ་དགའ་ཐོབ་པ་དང་། དགའ་མོས་བྱེད་ཀྱི་ཡོད་ཀྱང་། བོད་མི་རང་གིས་བོད་མིའི་བཟོས་བའི་གློག་བརྙན་ལ་ཆེ་མཐོང་སྤྲོད་རྒྱུ་གལ་ཆེ། སྤྱིར་གོ་སྐབས་དང་དཔལ་འབྱོར་གྱི་མཐུན་རྐྱེན་ཡོད་མེད་ཙམ་ལས་བོད་པས་མ་འཇོན་པ་ཞིག་མིན་པ་ཉེ་སྔོན་ཨོ་རྩལ་འགྲན་ཚོགས་སྐབས་བོད་མི་ཞིག་གིས་ཟངས་ཀྱི་རྟགས་མ་བླངས་བ་དཔེ་མཚོན་རེད་ཅེས་གསུངས་འདུག ང་དེ་རིང་འདིར་ཡོང་པ་གཙོ་ཆེ་ཤོས་བོད་རིགས་གཞོན་སྐྱེས་ཚོར་རྒྱབ་སྐྱོར་མཚོན་བྱེད་ཡིན། གློག་བརྙན་བརྒྱུད་དེ་བོད་པའི་ཆོས་དང་རིག་གཞུང་། སྲོལ་རྒྱུན་གོམས་གཤིས།བོད་མིའི་གཤིས་ཀ་བཅས་བརྒྱུད་བསྒྲགས་བྱས་ཏེ། འཛམ་གླིང་མི་མང་གིས་བོད་མི་ཚོར་སེམས་ཁུར་དང་ཤ་ཚ། རྒྱབ་སྐྱོར་ཐོབ་པ་བྱ་རྒྱུ་དེ་ཆོས་སྲིད་གང་གི་ཐད་ནས་གལ་ཆེན་རེད་ཅེས་གསུངས།
བོད་ཀྱི་གློག་བརྙན་དུས་སྟོན་དེ་ནི། རྒྱ་ནག་གི་བཙོན་དུ་ཡོད་པའི་དོན་གྲུབ་དབང་ཆེན་ལགས་ཀྱིས་༢༠༠༨ ལོར་བོད་ནང་གི་བོད་མི་ཁག་ཅིག་ལ་བསམ་ཚུལ་དྲིས་པའི་དངོས་བྱུང་གློག་བརྙན་བཟོ་སྐྲུན་གནང་སྟེ། སུད་སིར་བཏང་བའི་རྗེས་ཕབ་ལེན་བྱས་ཏེ་༢༠༠༨ ནས་གློག་བརྙན་དེ་སུད་སི་སོགས་ཕྱིའི་རྒྱལ་ཁབ་ཁག་ནང་སྟོན་རྒྱུ་འགོ་བཙུགས་པ་ནས་བཟུང་གློག་བརྙན་དུས་སྟོན་འགོ་བཙུགས་པ་ཡིན་ཞིང༌། ད་བར་སུད་སིར་གློག་བརྙན་དུས་སྟོན་ཐེངས་གསུམ་ཚོགས་ཟིན་ཏེ་འདི་ལོ་དུས་སྟོན་ཐེངས་བཞི་པ་དེ་ཕྱི་ཟླ་བཅུ་པའི་ཚེས་༢༦ དང་༢༧ བར་སུད་སི་གྲོང་ཁྱེར་Zurich ནང་ཚུགས་རྒྱུ་དང༌། བཞུགས་སྒར་རྡ་རམ་ས་ལར་ཐེངས་གཅིག་ཚོགས་ཟིན་ཏེ། འདི་ལོ་དུས་སྟོན་ཐེངས་གཉིས་པ་དེ་ཕྱི་ཟླ་བཅུ་པའི་ཚེས་༢༦ ནས་༢༨ ཉིན་གྲངས་གསུམ་རིང་ཚུགས་རྒྱུ་ཡིན་པ་རེད། གློག་བརྙན་དུས་སྟོན་ཐོག་མཉམ་ཞུགས་གནང་མཁན་གྲས་ནས་གློག་བརྙན་ལེགས་ཤོས་ཨང་དང་པོར་ཨ་སྒོར་༥༠༠ དང་ཨང་གཉིས་པར་ཨ་སྒོར་༣༠༠ ཨང་གསུམ་པར་ཨ་སྒོར་༢༥༠ དང༌། ལྟད་མོ་བ་ཚོས་དགའ་མོས་ཆེ་ཤོས་བྱེད་ཡུལ་གློག་བརྙན་གཅིག་ལ་བྱ་དགའ་ཨ་སྒོར་༢༠༠ སྤྲོད་རྒྱུའི་འཆར་གཞི་ཡོད་པ་རེད། འདི་ལོའི་བོད་ཀྱི་གློག་བརྙན་དུས་སྟོན་དེ་ནི་བོད་ཀྱི་གློག་བརྙན་དུས་སྟོན་ཚོགས་ཆུང་དང་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་གནང་བ་ཞིག་ཡིན་ཞིང༌། སུད་སི་གློག་བརྙན་དུས་སྟོན་གྱི་འབྲེལ་མཐུད་པ་ཉི་མ་དོན་གྲུབ་ལགས་ཀྱིས། བོད་ཀྱི་གློག་བརྙན་དུས་སྟོན་འགོ་བཙུགས་གནང་དགོས་པའི་དམིགས་ཡུལ་ནི། རྒྱ་ནག་གི་བཙོན་འོག་དུ་དཀའ་སྡུག་མྱོང་བཞིན་པའི་འཇིགས་བྲལ་ཞེས་པའི་དངོས་བྱུང་གློག་བརྙན་བཟོ་སྐྲུན་གནང་མཁན་དོན་གྲུབ་དབང་ཆེན་ལགས་སུ་རྗེས་དྲན་ཞུ་རྒྱུ་དང༌། དེ་བཞིན་བོད་གཞིས་བྱེས་གཉིས་ནང་དུ་བོད་མི་གློག་བརྙན་བཟོ་སྐྲུན་གནང་མཁན་ཚོའི་གློག་བརྙན་ལ་ཆེ་ཐོངས་ཞུ་རྒྱུ་དང༌། བོད་མི་ན་གཞོན་གློག་བརྙན་བཟོ་སྐྲུན་གནང་མཁན་ཇེ་མང་དུ་འགྲོ་བའི་སེམས་ཤུགས་འཕེལ་ཐབས་དང༌། གོ་སྐབས་སྐྲུན་ཡུལ། བོད་མིའི་སྤྱི་ཚོགས་ནང་བོད་མི་རིགས་ཀྱི་བཟོ་སྐྲུན་བྱས་པའི་གློག་བརྙན་ལ་དོ་སྣང་ཡོང་ཐབས་བཅས་ཀྱི་ཆེད་དུ་ཡིན་པ་གསུང་ཡོད་པ་རེད།