རྒྱ་གར་གྱིས་མི་མེད་མཁའ་དབྱིངས་འཕྲུལ་ཆས་བཏང་འདུག

རྒྱ་གར་གྱིས་མི་མེད་པའི་མཁའ་དབྱིངས་ཀྱི་འཕྲུལ་ཆས་ཤིག་Marsའམ་རྒྱུ་སྐར་མིག་དམར་ཐོག་བཏང་བའི་ལས་དོན་ལམ་ལྷོངས་བྱུང་འདུག

རྒྱ་གར་གྱིས་མི་མེད་མཁའ་དབྱིངས་འཕྲུལ་ཆས་བཏང་འདུག པར་། AFP

རྒྱ་གར་གྱི་མཁའ་དབྱིངས་ཚན་རིག་པས་མི་མེད་པའི་མཁའ་དབྱིངས་ཀྱི་འཕྲུལ་ཆས་ཤིག་Mars འམ་རྒྱུ་སྐར་མིག་དམར་ཐོག་བཏང་བའི་ལས་དོན་ལམ་ལྷོངས་བྱུང་འདུག

རྒྱུ་སྐར་མིག་དམར་གྱི་ཐོག་འཕྲུལ་ཆས་གཏོང་རྒྱུའི་ལས་དོན་ཐད་འཕྲུལ་རིག་ཡར་རྒྱས་ཆེན་པོ་ཕྱིན་པའི་འཛམ་གླིང་གི་རྒྱལ་ཁབ་ཕན་ཚུན་བར་རྣོ་ངར་གྱི་འགྲན་བསྡུར་ཡོད་པའི་ཁར་དེ་སྔ་༢༠༠༣ ལོར་ཉི་ཧོང་དང་༢༠༡༡ ལོར་རྒྱ་ནག་དང། དེ་བཞིན་འཕྲུལ་རིག་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཨ་རི་དང་། ར་ཤི་ཡ། ཡོ་རོབ་མཐུན་ཚོགས་བཅས་ནས་ཀྱང་རྒྱ་གར་ལྟ་བུའི་མཁའ་དབྱིངས་ཀྱི་གཟའ་ཆེན་མིག་དམར་ཐོག་འཕྲུལ་ཆས་གཏོང་ཐབས་བྱས་མྱོང་ཡོད་ཀྱང་མང་ཆེ་བ་ལམ་ལྷོངས་བྱུང་མེད་པའི་ལོ་རྒྱུས་ཡོད་། འོན་ཀྱང་རྒྱ་གར་གཞུང་གིས་དེ་སྔ་ཕྱི་ལོ་༡༩༦༣ ནས་མཁའ་དབྱིངས་ཀྱི་ལས་དོན་འཆར་གཞི་འགོ་བཙུགས་གནང་བ་ནས་བཟུང་། ད་རེས་ཚེས་༥ཉིན་མི་མེད་པའི་མེ་ཤུགས་འཕུར་མདེལ་བརྒྱུད་ནས་འཕྲུལ་ཆས་ཤིག་མཁའ་དབྱིངས་ཀྱི་གཟའ་ཆེན་མིག་དམར་ཐོག་བཏང་བའི་ལས་གཞི་དེ་ཐེངས་དང་པོ་ཡིན་པ་མ་ཟད། ཐེངས་དང་པོའི་ལས་གཞི་དེ་ཡང་འགོག་རྐྱེན་གང་ཡང་མ་འཕྲད་པར་ལམ་ལྷོངས་བྱུང་སྟེ་རྒྱ་གར་གྱི་ཚན་རིག་ཀྱི་ལོ་རྒྱུས་ནང་འཕྲུལ་རིག་ལག་རྩལ་གྱི་བྱས་རྗེས་ཆེན་པོ་ཞིག་ཡིན་པ་རེད། རྒྱ་གར་གྱིས་ད་རེས་མཁའ་དབྱིངས་སུ་བཏང་བའི་འཕྲུལ་ཆས་དེར་ལྗིད་ཚད་ཊོན་གཅིག་དང་གྲངས་ཆུང་གསུམ་ཙམ་ཡོད་པ་དང། འཕྲུལ་ཆས་དེ་ཕྱི་ཟླ་བཅིུག་པའི་ཚེས་ལྔ་ཉིན་བཏང་ནས་གཟའ་ཆེན་མིག་དམར་བར་སླེབས་པར་ཉིན་གྲངས་༣༠༠ འགོར་གྱི་ཡོད་ཅིང་། རྒྱ་གར་གྱིས་འཕྲུལ་ཆས་དེ་བཟོ་བསྐྲུན་ཐད་འགྲོ་གྲོན་རྒྱ་གར་གྱི་སྒོར་མོ་ཐེར་འབུམ་བཞི་དང་གྲངས་ཆུང་༥ བཏང་ཡོད་པ་དེ་ནི་ཨ་སྒོར་ས་ཡ་༧༣ ཡིན་པ་དང་། NASAཞེས་པའི་ཨ་རིའི་མཁའ་དབྱིངས་འཕྲུལ་རིག་ལག་རྩལ་ཁང་གིས་གཅིག་མཚུངས་ཤིག་བཟོ་སྐྲུན་བྱས་པའི་འགྲོ་གྲོན་ལས་ཉུང་བ་ཕྱིན་པ་དང་། NASA ཡིས་བཟོ་སྐྲུན་བྱས་པའི་འཕྲུལ་ཆས་དེ་ནི་ཟླ་བ་འདིའི་ཟླ་མཇུག་ཏུ་གཏོང་རྒྱུའི་འཆར་གཞི་ཡོད་ཀྱང་རྒྱ་གར་གྱིས་སྔོན་དུ་བཏང་ཐུབ་པ་དེར་NASA ཡི་དཔོན་རིགས་ཧ་སང་དགོས་བྱུང་ཡོད་པ་རེད།

གསར་འགོད་པ་ཉི་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org