རྒྱལ་སྤྱིའི་ཡུ་གུར་ལྷན་ཚོཊ་ཀྱི་མི་སྣར་རྒྱ་གར་གྱིས་མཐོང་མཆན་སྤྲད་པ།

རྒྱལ་སྤྱིའི་ཡུ་གུར་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་ལ་རྒྱ་གར་གཞུང་གིས་རྡ་རམ་ས་ལར་ཚོགས་འདུར་ཞུགས་རྒྱུར་མཐོང་མཆན་སྤྲད་ཡོད་འདུག

འཛམ་གླིང་ཡུ་གུར་ཚོགས་པའི་འགོ་ཁྲིད་ལྕམ་Rebia Kadeerཡིས་རྒྱ་ནག་གི་སྲིད་འཛིན་ཞེ་ཨ་རིའི་རྒྱལ་སར་འབྱོར་བར་ངོ་རྒོལ་གནང་བཞིན་པ། ༢༠༡༦།༣།༣༡ lhuboom/RFA

དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་སྐོང་འཚོགས་གནང་རྒྱུའི་ཚོགས་འདུ་ཞིག་གི་ཐོག་མཉམ་ཞུགས་བྱ་རྒྱུར། རྒྱལ་སྤྱིའི་ཡུ་གུར་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་ལ་རྒྱ་གར་གཞུང་གིས་མཐོང་མཆན་སྤྲད་ཡོད་འདུག
དེ་ཡང་ཕྱི་སྡོད་རྒྱ་རིགས་དམངས་གཙོ་དོན་གཉེར་བ་(Yang Jian Li)་ཡིས་ལོ་ལྟར་མི་རིགས་འདྲ་མིན་སྣ་ཚོགས་ཀྱི་འགོ་འཁྲིད་ཚོགས་འདུ་ཞེས་པ་གོ་བསྒྲིགས་གནང་གི་ཡོད་པ་ལྟར། འདི་ལོའི་ཚོགས་འདུ་དེ་བཞུགས་སྒར་རྡ་རམ་ས་ལར་མི་རིང་བའི་ཕྱི་ཟླ་བཞི་པའི་ཚེས་༢༨་ནས་ཕྱི་ཟླ་༥་པའི་ཚེས་༡་བར་སྐོང་འཚོགས་གནང་གི་ཡོད་པར། ཚོགས་འདུ་དེའི་མཉམ་ཞུགས་བྱ་རྒྱུར་རྒྱ་གར་གཞུང་གིས་རྒྱལ་སྤྱིའི་ཡུ་གུར་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་(Omar Kanat)དང༌། ཨ་རིའི་ཡུ་གུར་ཚོགས་པའི་ཚོགས་གཙོ་(Ilshat Hassan)་གཉིས་ལ་མཐོང་མཆན་visa ལག་འཁྱེར་སྤྲད་ཡོད་པ་རེད།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་ཕྱི་སྡོད་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་གིས་གོ་བསྒྲིགས་བྱས་པའི་ཚོགས་འདུར་མཉམ་ཞུགས་བྱ་རྒྱུར་རྒྱ་གར་གཞུང་གིས་ཡུ་གུར་མི་རིགས་གཉིས་ལ་ཐོངས་མཆན་ལག་འཁྱེར་མཁོ་སྤྲོད་བྱེད་དགོས་དོན་ནི། ཉེ་ལམ་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཐོག་རྒྱ་གར་གཞུང་གིས་པ་ཀིས་ཐན་ནང་ཡོད་པའི་(Jiaish-e-Mohammad)་འཇིགས་སྐུལ་དྲག་སྤྱོད་སྒྲིག་འཛུགས་ཀྱི་འགོ་འཁྲིད་(Masood Azhar)་ཐོག་དམ་བསྒྲགས་བཀག་སྡོམ་བྱ་རྒྱུའི་གྲོས་གཞི་ཞིག་བཏོན་པ་དེའི་ཐོག་རྒྱ་ནག་གཞུང་གིས་དགག་བྱའི་དབང་ཆ་བེད་སྤྱོད་བྱས་ཏེ་གྲོས་ཆོད་འཇོགས་མ་ཐུབ་པར་བཟོས་པར་མི་འདོད་པའི་རྣམ་པ་སྟོན་པ་ཞིག་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ་ངག་དབང་ཆོས་འཕེལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org