ཨ་རིའི་གཞུང་ཚབ་ཆེན་མོས་ཨ་མདོ་རྔ་བར་འཚམས་གཟིགས།
2012.10.17
དེ་ཡང་གསར་འགོད་ལྷན་ཚོགས་སྐབས་གསར་འགོད་པ་ཞིག་གིས་གཞུང་ཚབ་མཆོག་ཕྱི་ཟླ་དགུ་པའི་ནང་བོད་རྔ་པའི་ས་ཁུལ་དུ་འཚམས་གཟིགས་སུ་ཕེབས་པའི་འདྲ་པར་twitter དྲ་ལམ་ཐོག་ཐོན་ཡོད་པ་དང་། བོད་མདོ་སྨད་རྔ་པའི་ཁུལ་དུ་སྔ་ལོ་ནས་བཟུང་བོད་མི་༣༠ལྷག་གིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་བྱུང་བར་བརྟེན་སྐུ་ཉིད་ཀྱིས་རྒྱ་ནག་ཏུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་སྐུ་ཞབས་Gary Locke མཆོག་ཁུལ་དེར་ཕེབས་མིན་གྱི་གནས་ཚུལ་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ལ་དེ་འབྲེལ་གསལ་བཤད་གནང་རོགས་ཞུས་པར་། མགྲིན་ཚབ་མ་ལྕམ་Victoria Nuland ནས་ལན་འདེབས་གནང་དོན་། གཞུང་ཚབ་མཆོག་བོད་མདོ་སྨད་རྔ་པར་ཕེབས་པ་དེ་ནི་ཁོང་གིས་རྒྱ་ནག་ཁྲུང་ཅིང་དང་སི་ཁྲོན་ཞིང་ཆེན་སོགས་སུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་པའི་ཆ་ཤས་ཤིག་ཡིན་ཞིང་། སྐབས་དེར་གཞུང་ཚབ་མཆོག་ནས་བོད་རིགས་གཙོ་བོར་གྱུར་བའི་ས་གནས་ཡུལ་མི་མང་པོ་དང་ཐུག་འཕྲད་གནང་ཡོད་པ་མ་ཟད་། ཁུལ་དེའི་གྲོང་ཁྱེར་དང་དགོན་པ་སོགས་ཀྱི་ནང་དུའང་ཕེབས་ཏེ་ ས་གནས་བོད་རིགས་ཚོ་དང་། གསུང་མོལ་བརྒྱུད་ཁོང་ཚོའི་གནས་སྟངས་དང་འཚོ་བའི་ལས་དོན་སྐོར་ཤེས་ཐབས་གནང་ཡོད་། བོད་ཀྱི་དཀའ་ངལ་སེལ་ཆེད་ རྒྱ་ནག་གཞུང་གིས་བོད་མི་དང་ལྷན་གྲོས་མོལ་གནང་རྒྱུར་ང་ཚོས་རྒྱབ་སྐྱོར་ཞུ་བཞིན་ཡོད་པ་མ་ཟད་། བོད་ནང་དུ་རང་ལུས་མེར་སྲེག་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་པའི་གནས་སྟངས་ཐོག་ང་ཚོར་ཧ་ཅང་སེམས་འཚབ་ཡོད་ཅེས་ལན་འདེབས་གནང་ཡོད་འདུག
ཡང་གསར་འགོད་པས་བོད་མིས་རང་ལུས་མེར་སྲེག་བཏང་བའི་གནད་དོན་ཐོག་ཨ་རིའི་གཞུང་གི་ལངས་ཕྱོགས་ཇེ་འདྲ་ཡིན་གསལ་བཤད་གནང་རོགས་ཞུས་པར་། མགྲིན་ཚབ་མ་ལྕམ་Victoria Nuland ཨ་རི་གཞུང་གིས་བོད་ནང་དུ་རང་ལུས་མེར་བསྲེག་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་པའི་གནད་དོན་ཐོག་ཧ་ཅང་ཐུགས་འཚབ་ཡོད་པ་མ་ཟད་། བོད་མིའི་དངོས་ཡོད་དཀའ་ངལ་ཐོག་ཨ་རིའི་གཞུང་ལ་བློ་འཚབ་ཆེན་པོ་ཡོད་པར་བརྟེན་བོད་མིའི་དཀའ་ངལ་སེལ་ཆེད་རྒྱ་ནག་གཞུང་གིས་བོད་མིའི་སྐུ་ཚབ་དང་ལྷན་གྲོས་མོལ་གནང་དགོས་པ་ཡང་ཡང་རེ་འདུན་ཞུ་བཞིན་ཡོད་ཅེས་ལན་འདེབས་གནང་འདུག