བཞུགས་སྒར་རྡ་རམ་ས་ལར་དགེ་རྒན་གྱི་ཟབ་སྦྱོང༌།
བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་གཞི་རིམ་འོག་མའི་དགེ་རྒན་ཁག་ཅིག་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་།
-
2010-01-08 -
-
-
༄༅༎བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་གཞི་རིམ་འོག་མའི་དགེ་རྒན་ཁག་ཅིག་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་བདུན་པ་དེ་བཞུགས་སྒར་རྡ་རམ་ས་ལར་གནང་ཡོད་འདུག
དེ་ཡང་བཙན་བྱོལ་བོད་གཞུང་དྲ་གནས་ཐོག་གནས་ཚུལ་འཁོད་པའི་ནང་ཕྱི་ལོ་ཉིས་སྟོང་བཅུ་ལོའི་ཕྱི་ཟླ་དང་པོའི་ཚེས་བརྒྱད་ཀྱི་སྔ་དྲོ་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་གིས་དབུས་ས་རའི་སློབ་སྤྱི་དང་འབྲེལ་ཡོད་མཛད་གཙོ་རྣམ་པ་དང་ དེ་བཞིན་གཞི་རིམ་སློབ་གྲ་ཁག་བཅུ་ཙམ་ནས་ཕེབས་པའི་དགེ་རྒན་བཞི་ཅུ་ཞེ་གཉིས་བཅས་ས་ར་མཐོ་སློབ་ཚོགས་ཁང་དུ་ལྷན་འཛོམས་ཀྱིས་ཟབ་སྦྱོང་དབུ་འཛུགས་མཛད་སྒོ་ཚུགས་ཡོད་པ་དང་ དེའི་ཐོག་ཤེས་རིག་བཀའ་བློན་མཆོག་གིས་ཟབ་སྦྱོང་དང་འབྲེལ་བའི་གསུང་བཤད་གནང་བའི་ནང་ ཐོག་མར་ ཟབ་སྦྱོང་ལ་ཕེབས་པའི་དགེ་རྒན་རྣམས་ལ་འཚམས་དྲི་གནང་བ་དང་ ཁོང་རྣམས་ཕན་ཚུན་ངོ་སྤྲོད་བྱེད་སྐབས་ལོ་མང་ཞབས་ཕྱི་ཞུས་ཏེ་བཞུགས་མཁན་དགེ་རྒན་ཡང་འདུག་པར་དམིགས་བསལ་འཚམས་འདྲི་གནང་བ་དང་འབྲེལ་ ད་ལྟའི་ང་ཚོའི་སྤྱི་ཚོགས་ནང་སོ་སོ་རང་མགོ་ཐོན་ཐབས་ལས་གཞུང་ལ་ཞབས་ཞུ་ཚད་ལྡན་ཞུ་མཁན་དཀོན་པའི་སྐབས་འདིར་ རྣམ་པ་ཚོས་དགེ་རྒན་གྱི་ལས་ཀ་རྒྱུན་འཁྱོངས་གནང་བ་དེ་ནི་རླབས་ཆེའི་བྱ་བ་ཞིག་ཡིན་པར་བརྟེན་ནས་ཐུགས་རྗེ་ཆེ་ཞེས་ཞུས་གནང་ཡོད་པ་དང་ དེ་རྗེས་ཤེས་རིག་བཀའ་བློན་མཆོག་ནས་ཤེས་ཡོན་སྲིད་བྱུས་བཟོ་དགོས་དོན་གཙོ་བོ་ནི་བོད་པའི་ན་གཞོན་དེ་དག་བོད་མི་ཚད་ལྡན་ཞིག་ཆགས་རྒྱུའི་ཆེད་དུ་ཡིན་པ་དང་ གང་ལྟར་རང་ཉིད་དགེ་རྒན་ཞིག་ཡིན་ཕྱིན་ཆད་ལ་ཕྲུ་གུ་ཚོ་བྱམས་བརྩེས་སྐྱོང་དགོས་པ་དང་ དེ་བཞིན་མ་འོངས་པར་བོད་འདི་ཞི་བའི་བསྟི་གནས་ཤིག་ལ་བསྒྱུར་ཐུབ་པ་དགོས་ན་ ནང་བཅུད་ཀྱི་སེམས་ཅན་དེ་དག་ལ་འཚེ་བ་མེད་པ་དང་ཞི་བ་དགོས་པ་གལ་ཆེ་ཡིན་སྐོར་གསུང་བཤད་གནང་ཡོད་པ་རེད་།