བོད་ནང་ཐོན་གསར་དྲ་ལམ་བཙུགས་རྗེས་བོད་མིའི་ཐོག་ཉུལ་ཞིབ་བྱེད་ཤུགས་ཇེ་ཆེར་འགྲོ་སྲིད་ཟེར།
རྒྱ་ནག་གཞུང་གིས་བོད་ནང་ཐོན་གསར་དྲ་ལམ་(5G)་གསར་འཛུགས་བྱ་འཆར་ཡོད་པ་དེས་བོད་ནང་གི་བོད་མིའི་ཐོག་ཉུལ་ཞིབ་ཇེ་ཆེར་འགྲོ་ཉེན་ཡོད་པ་དྲ་རྒྱའི་ཆེད་ལས་པ་ཚོས་བསམ་ཚུལ་གསུང་གི་འདུག
-
2020-05-21 -
-
-
Your browser doesn’t support HTML5 audio
རྒྱ་ནག་གཞུང་གིས་བོད་ནང་ཐོན་གསར་དྲ་ལམ་(5G)་གསར་འཛུགས་བྱ་འཆར་ཡོད་པ་དེས་བོད་ནང་གི་བོད་མིའི་ཐོག་ཉུལ་ཞིབ་ཇེ་ཆེར་འགྲོ་ཉེན་ཡོད་པ་དྲ་རྒྱའི་ཆེད་ལས་པ་ཚོས་བསམ་ཚུལ་གསུང་གི་འདུག
རྒྱ་ནག་གཞུང་གིས་འདི་ལོའི་སྤྱི་ཟླ་༡༠་ནས་བཟུང་དེང་སང་འཛམ་གླིང་གི་དྲ་རྒྱ་ཐོན་རབས་གསར་ཤོས་(5G)་བརྡ་རྟགས་བོད་ཀྱི་རྒྱལ་ས་ལྷ་ས་གྲོང་ཁྱེར་ཁུལ་ཡོངས་རྫོགས་ཁེབས་པར་བྱ་འཆར་ཡོད་པ་མ་ཟད། བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་དམག་གསུམ་དང་། སྨན་བཅོས་འཕྲོད་བསྟེན་ཁང་། མཐོ་རིམ་སློབ་གྲྭ འགྲིམ་འགྲུལ་དང་ཚོང་ལས་ཁང་ཆེན་པོ་སོགས་ཀྱི་ས་ཁོངས་རྣམས་ལ་དམིགས་སུ་བཀར་ནས་ཁེབས་ཐབས་བྱེད་རྒྱུ་དང་། དྲ་སྦྲེལ་ས་ཚིགས་ཆིག་སྟོང་བཞི་བརྒྱ་ལྷག་འཛུགས་འཆར་ཡོད་པ་རྣམས། སྔོན་ལ་གཙོ་གནད་གྲོང་ཁྱེར་ཁག་དང་རིམ་པས་གྲོང་ཁྱེར་དཀྱུས་མ། དེ་ནས་གྲོང་ཁུལ་གཙོ་བོ་དང་རིམ་པས་དཀྱུས་མ་བཅས་སུ་འཛུགས་འཆར་ཡོད་པ། རྒྱ་ནག་གི་ཀྲུང་གོའི་བོད་ཀྱི་དྲ་གནས་སུ་གནས་ཚུལ་སྤེལ་འདུག
དེའི་ཐད་བཙན་བྱོལ་ནང་གི་བོད་དོན་ལས་འགུལ་ཁང་གི་དྲ་ལམ་ཆེད་ལས་པ་བློ་བཟང་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་དྲ་ལམ་ཐོན་རབས་གསར་ཤོས་(5G)་འཛུགས་འཆཪ་ཡོད་པ་དེ་དོན་དངོས་ཡོད་ཐོག བོད་ནང་རྒྱ་ནག་གཞུང་གི་ཉུལ་ཞིབ་འཕྲུལ་རྩལ་གྱི་ནུས་པ་ཇེ་མཐོར་བཟོས་པ་དང་ཆབས་ཅིག བོད་མིའི་ཐོག་ཉུལ་ཞིབ་ཀྱི་ཉེན་ཁ་ཇེ་ཆེར་འགྲོ་ཉེན་ཡོད་པ་དང་། དེའི་དཔེ་མཚོན་ཡག་ཤོས་ཤིག་ནི་ཡུ་གུར་མི་རིགས་ཀྱི་གནས་སྟངས་ཡིན་པ་དང་། ཡུ་གུར་མི་རིགས་ལ་རྒྱ་ནག་གཞུང་གིས་དམ་དྲག་བྱས་དང་བྱེད་བཞིན་པ་ལྟར་བོད་ནང་དུའང་གཅིག་མཚུངས་འགྱུར་ཉེན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
བོད་གནས་ལྟ་ཞིབ་ཁང་གི་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས། རྒྱ་ནག་གཞུང་གིས་ཐོན་གསར་དྲ་ལམ་དེ་བཙུགས་པ་ལ་བརྟེན་ནས། བོད་མི་ཚོའི་དྲ་ལམ་གྱི་བྱ་སྤྱོད་ལ་རྩད་གཅོད་སྟངས་འཛིན་བྱེད་བདེ་མོ་དང་དམ་དྲག་ནུས་པ་ཇེ་ཆེར་སོང་ཡོད་པ་མ་ཟད། དམིགས་བསལ་ཆབ་སྲིད་བསམ་བློར་དོགས་པ་ཡོད་པ་ཚོར་གསང་མྱུལ་ཤུགས་ཆེ་གཏོང་གི་ཡོད་པས། རྒྱལ་ཁབ་མང་པོས་དངངས་འཚབ་བྱེད་དགོས་ཆགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག
སྤྱིར་བཏང་ཐོན་གསར་དྲ་ལམ་(5G)་ནི་དྲ་བའི་མྱུར་ཚད་མགྱོགས་ན་ཡང་བཟོ་བསྐྲུན་གྱི་སྐབས་གཞི་རྩའི་དྲ་ལམ་བདེ་འཇགས་ལ་བསམ་བློ་བཏང་ཐུབ་མེད་པས། དྲ་འབུ་འཛུལ་རྒྱུ་སོགས་དྲ་ལམ་གྱི་བདེ་སྲུང་ཐད་ཉེན་ཁ་ཆེན་པོ་ཡོད་པ་མ་ཟད། དྲ་ལམ་དེ་བཟོ་བསྐྲུན་བྱེད་མཁན་རྒྱ་ནག་གི་(Huawei)་ཧ་ཝེ་བཟོ་ཚོང་ཁང་ནི། རྒྱ་ནག་གཞུང་ལ་འབྲེལ་ལམ་ཤུགས་ཆེ་ཡོད་པས། དྲ་ལམ་དེའི་ནང་རྒྱ་ནག་གཞུང་གིས་ཐེ་བྱུས་ཅི་ཙམ་ཡོད་མེད་དང་། དྲ་ལམ་དེ་བརྒྱུད་རྒྱལ་ཁབ་གཞན་གྱི་གསང་བ་བརྐུས་ཁྱེར་སོགས། རྒྱ་ནག་གཞུང་སིམ་འཛུལ་གྱི་ཉེན་ཁ་ཆེན་པོ་ཡོད་པ་བཅས་མཐོང་སྟེ། ཨ་མི་རི་ཀ་གཙོས་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་གིས་དྲ་ལམ་དེ་འཛུགས་ཀྱི་མེད་པ་མ་ཟད། འཛམ་གླིང་སྤྱིར་དྲ་ལམ་དེ་གླེང་གཞི་དང་རྩོད་རྙོག་ཅན་ཞིག་ཆགས་ཡོད་པར་ཉམས་ཞིབ་པ་ཚོས་ངོས་འཛིན་གནང་གི་ཡོད་པ་རེད།