རྒྱ་གར་དུ་ཆར་རླུང་དྲག་འཚུབ་འོག་མི་༤༤རྐྱེན་འདས་སུ་རྒྱུར།
རྒྱ་གར་གྱི་ལྷོ་ཤར་མཚོ་ཁའི་ས་ཁུལ་དུ་ཆར་རླུང་དྲག་འཚུབ་ཀྱི་རྐྱེན་པས་ད་བར་མི་གྲངས་ ༤༤ ཙམ་རྐྱེན་ལམ་སོང་ཡོད་པའི་གནས་ཚུལ།
-
2011-12-31 -
-
-
༄༅༎རྒྱ་གར་གྱི་ལྷོ་ཤར་མཚོ་ཁའི་ས་ཁུལ་དུ་ཆར་རླུང་དྲག་འཚུབ་ཀྱི་རྐྱེན་པས་ད་བར་མི་གྲངས་ ༤༤ ཙམ་རྐྱེན་ལམ་སོང་ཡོད་འདུག་པ་དང་། སྡོད་ཁང་བརྒྱ་ཕྲག་མང་པོ་ཞིག་རལ་དུ་སོང་ཡོད་པ་ས་གནས་གཞུང་གི་ལས་བྱེད་པས་བརྗོད་འདུག
ཐ་ནེ་ཞེས་མིང་བཏགས་པའི་ཆར་རླུང་དྲག་འཚུབ་དེ་རྒྱ་གར་གྱི་མངའ་སྡེ་ ཏ་མིལ་ན་རྡུ་དང་ དམིགས་བསལ་ས་ཁུལ་ པོན་ཌེ་ཆེ་རིའི་ཁུལ་དུ་བྱུང་ཞིང༌། གཟའ་པ་སངས་ཀྱི་མཚན་མོ་དེ་ཆར་རླུང་གི་ངར་ཤུགས་ཆུང་དུ་ཕྱིན་ཡོད་པ་རེད།
ཏ་མིལ་ན་རྡུ་གཅིག་པུའི་ནང་མི་གྲངས་ ༣༥ ཙམ་རྐྱེན་ལམ་སོང་ཡོད་པ་མངའ་སྡེ་གཞུང་གི་མི་སྣས་བརྗོད་འདུག་ཅིང༌། དེའི་ཁོངས་ནས་གོད་ཆགས་ཆེ་ཤོས་ཕོགས་ཡུལ་ནི་ ཀུཌ་ཌ་ལོར ཞེས་པ་མངའ་སྡེའི་རྒྱལ་ས་ ཅེ་ནེ་ནས་རྒྱང་ཐག་ཀི་ལོ་མི་ཊར་ ༡༧༠ ཙམ་གྱི་སར་ཆགས་པའི་ས་ཁུལ་དུ་བྱུང་སྟེ། མི་གྲངས་ ༢༥ ས་ཁུལ་དེ་གཅིག་པུའི་ནང་འདས་གྲོངས་སུ་ཕྱིན་འདུག།
ཀུཌ་ཌ་ལོར་དང་དེ་མིན་མཚོ་ཁའི་ས་ཁུལ་ཁག་ནས་ད་བར་མི་གྲངས་འབུམ་གཉིས་ཙམ་མངའ་སྡེའི་གཞུང་གིས་གོ་སྒྲིག་བྱེད་པའི་ངལ་སྐྱོབ་སྡོད་སྒར་ཁག་གི་ནང་སྐྱེལ་འདྲེན་བྱས་འདུག་ཅིང༌། རྒྱ་གར་གྱི་པི་ཊི་ཨཡི་གསར་ལས་ཁང་གིས། རྒྱ་གར་གྱི་དམིགས་བསལ་ས་ཁུལ་ པོན་ཌེ་ཅེ་རིའི་ཁུལ་ནས་མི་གྲངས་བདུན་ཙམ་རྐྱེན་ལམ་སོང་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད།།