རང་ལུས་མེར་བསྲེག་མཁན་༢༡་འདས་གྲོངས་སུ་གྱུར་ཟིན་།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་ནང་གི་གནས་ཚུལ་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་འདུག
-
2012-03-21 -
-
-
༄༅༎བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་ནང་གི་ཞི་རྒོལ་དང་སྐུ་ལུས་མེར་སྲེག་གི་དོན་རྐྱེན་བྱུང་རིམ་བཞིན་འདས་གྲོངས་སུ་གྱུར་བ་སོགས་ཀྱི་ཆེད་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་བའི་ནང༌། ཕྱི་ཚེས་༡༩ཉིན་འདས་གྲོངས་ཕྱིན་པའི་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ཚུལ་ཁྲིམས་ལགས་ནི་ད་བར་བོད་ནང་རང་ལུས་མེར་སྲེག་བཏང་མཁན་རྒྱལ་གཅེས་དཔའ་བོ་༣༠བྱུང་ཡོད་པའི་ནང་ནས་སྐུ་སྲོག་ཤོར་མཁན་༢༡པ་དེ་ཡིན་སྐོར་གསུང་བཞག།
ཡང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་དེའི་ནང༌། ད་ལྟའི་སྐབས་རྒྱ་ནག་གཞུང་གིས་བོད་ནང་དུ་དགོན་སྡེ་ཁག་དང་ཞིང་འབྲོག་མང་ཚོགས་ཀྱི་ཁྲོད་དུ་ལས་དོན་རུ་ཁག་བཏང་སྟེ། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་སྤེལ་བ་དང༌། བོད་མིའི་ཚོར་རང་གི་རྩ་བའི་བླ་མའི་སྐུ་པར་སྒྲིག་གཤོམས་ཞུ་མ་བཅུགས་པར། དེ་ལས་ལྡོག་སྟེ་རྒྱ་གཞུང་གི་དཔོན་རིགས་མི་སྣའི་འདྲ་པར་སྒྲིག་གཤོམས་བྱ་དགོས་པའི་བཙན་བཀའ་བཏང་བ། སློབ་གྲྭ་ཁག་གི་བོད་ཡིག་སློབ་དེབ་སོགས་རྒྱ་ཡིག་ནང་བསྒྱུར་སྒྲིག་གི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞི་པའི་གནས་ཚུལ་ལ་བརྟེན་ནས་༢༠༡༡ཕྱི་ཟླ་༣ཚེས་༡༦་ནས་ད་བར་ལོ་འཁོར་གཅིག་ཙམ་རིང་བོད་ནང་དུ་ཕོ་མོ་སེར་སྐྱ་རྒན་དར་གཞོན་གསུམ་དབྱེར་མེད་ཀྱིས་རང་ལུས་མེར་བསྲེག་བཏང་མཁན་༣༠ཙམ་བྱུང་ཡོད་པ་ཐེར་འདོན་གནང་བཞག།