གྲོས་ཚོགས་འཚོགས་མ་ཐུབ་པའི་འགན་དེ་བདེ་སྲུང་ལས་ཁུངས་ལ་མེད་ཅེས་བདེ་སྲུང་བཀའ་བློན་གྱིས་གསུངས་བྱུང་།
གྲོས་ཚོགས་ཚོགས་དང་མ་ཚོགས་དེ་སྤྱི་འཐུས་རྣམ་པའི་ཐུགས་འགན་རེད་མ་གཏོགས་བདེ་སྲུང་ལས་ཁུངས་ཀྱི་འགན་མ་རེད་ཅེས་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཀྱིས་གསུངས་བྱུང་།
- 2023-09-26
-
-
-
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༦པའི་ལས་ཉིན་དང་པོའི་སྐབས། ལས་རིམ་རྣམ་བཞག་ཞིག་དང་འབྲེལ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ནི་རྒྱ་མིའི་གསང་མྱུལ་དང་འབྲེལ་ཡོད་ཚུལ་བརྗོད་པའི་རྗེས་འབྲས་སུ། གནད་དོན་དེ་དང་འབྲེལ་བའི་སྐོར་སྤྱི་འཐུས་ནང་ཁུལ་གླེང་སློང་རིམ་པ་གནང་བ་མ་ཟད། ཚེས་༢༡ཉིན་ཏེ་གྲོས་ཚོགས་ལས་ཉིན་གསུམ་པ་ཉིན་གང་དེའི་ཐད་བགྲོ་གླེང་གནང་བ་དང་། ཚེས་༢༢་ཉིན་གྲོས་ཚོགས་ཀྱི་ལས་ཉིན་བཞི་པ་རྒྱུན་ལྡན་བཞིན་འགོ་འཛུགས་གནང་ཡོད་ཀྱང་། སྐབས་དེར་སྤྱི་འཐུས་༢༣མ་གཏོགས་གྲོས་ཚོགས་ནང་མ་ཕེབས་པའི་རྐྱེན་གྱིས་གྲོས་ཚོགས་ཀྱི་འཐུས་མི་ངོ་ཡོད་རྩ་འབོར་གྱི་གསུམ་ཆ་གཉིས་མ་ཚང་པར་བརྟེན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་༤༩པའི་ནང་གསེས་དང་པོའི་དགོངས་དོན་བཞིན། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་༤་པ་ནས་འཚོགས་མ་ཐུབ་པའི་གནས་སྟངས་འོག་མུ་མཐུད་དུ་ལྷག་ཡོད་པ་རེད། འདི་ཚེས་༢༥ཉིན་མདོ་སྟོད་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་ཀྱིས་གསར་འགོད་པར་གསུངས་བའི་ནང་། ད་ལྟའི་ཆར་གལ་ཆེ་ཤོས་ཤིག་ནི་བདེ་སྲུང་ལས་ཁུངས་ཀྱི་གསལ་བཤད་གང་མགྱོགས་གནང་རྒྱུ་དེ་ཡིན་པས། བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་དང་ཐུག་འཕྲད་བྱས་ཡོད་མེད་ཀྱི་གནད་དོན་དེ་གཙང་བཟོ་མ་བྱས་བར་དུ་གྲོས་ཚུགས་མུ་མཐུད་ཚོགས་རྒྱུ་ཁག་པོ་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།
འདི་ཚེས་༢༦ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་སུ། གྲོས་ཚོགས་འཚོགས་ཐུབ་མིན་དེ་བདེ་སྲུང་ལས་ཁུངས་དང་འབྲེལ་བ་ཡོད་མེད་སྐོར་བཅར་འདྲི་ཞུས་པར། གྲོས་ཚོགས་འཚོགས་དང་མི་འཚོགས་དེ་སྤྱི་འཐུས་རྣམ་པ་ཚོར་འགན་ཡོད་པ་ལས། བདེ་སྲུང་ལས་ཁུངས་དང་འཛིན་སྐྱོང་ངོས་ནས་འགན་ཁུར་ཐབས་བྲལ། བདེ་སྲུང་ལས་ཁུངས་ཀྱི་ངོས་ནས་གྲོས་ཚོགས་ནང་དུ་སྤྱི་འཐུས་དགེ་བཤེས་སྨོན་ལམ་ཐར་ཕྱིན་ལགས་རྒྱ་མིའི་གསང་མྱུལ་དང་འབྲེལ་བ་ཡོད་པའི་སྐོར་གང་ཡང་བཤད་རྒྱུ་མ་བྱུང་། འོན་ཀྱང་། གནད་དོན་དེ་གཙང་བཟོ་ཡོང་སླད། བདེ་སྲུང་ལས་ཁུངས་ཀྱིས་འབད་བརྩོན་ཞུ་མུས་ཡིན་པ་འགྲེལ་བརྗོད་གནང་བྱུང་།
འདི་ཚེས་༢༦ཉིན་གཞི་རིམ་མི་མང་རེ་འབོད་ཚོགས་པའི་ལས་འགུལ་སྣེ་ཁྲིད་པ་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས། གྲོས་ཚོགས་འཚོགས་མ་ཐུབ་ན། ང་ཚོའི་ལས་འགུལ་གྱི་དམིགས་ཡུལ་སྒྲུབ་རྒྱུ་ཁག་པོ་ཡིན་པས། རིང་མིན་སྤྱི་ཟླ་༩པའི་ཚེས་༢༨ཉིན་ལས་འགུལ་དངོས་སུ་མཇུག་སྒྲིལ་གནང་རྒྱུ་ཡིན་པ་གསུངས་བྱུང་།
གཞན་ཡང་འདི་ཚེས་༢༦ཉིན་གྱི་སྔ་དྲོ། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ལྷན་རྒྱས་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་ཡོད་འདུག་ཅིང་། འདི་གའི་གསར་འགོད་པས་བདེ་སྲིད་བཀའ་བློན་མཆོག་ལ་དེའི་ཐད་བཀའ་འདྲི་ཞུས་པར། ད་ལྟའི་ཆར་དེའི་ཐད་གང་ཡང་ཞུ་རྒྱུ་མེད་པ་གསུངས་བྱུང་།
ཡང་དེ་དང་ཕྱོགས་མཚུངས། འདི་གའི་གསར་འགོད་པས། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་རྣམ་གཉིས་ལ་གྲོས་ཚོགས་འཚོགས་ཐུབ་མིན་གྱི་གནས་སྟངས་སྐོར་བཅའ་འདྲི་ཡོང་ཐབས་ཞུས་ཀྱང་དང་ལེན་གནང་མ་སོང་།
གཞི་རྩའི་ཆ་ནས་ད་རེས་གྲོས་ཚོགས་ཚོགས་དུས་དྲུག་པ་འདི་ནི་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་སྤྱི་ལོ་༢༠༢༢་ལོ་ནས་༢༣ལོའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་ཞུ་རྒྱུ་དང་། སྤྱི་ཡོངས་བགྲོ་གླེང་། བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་རྒྱུ་བཅས་ཡིན་ནའང་། ད་བར་ཆོས་རིག་ལས་ཁུངས་གཅིག་པུའི་ལས་བསྡོམས་སྙན་སྒྲོན་དང་བགྲོ་གླེང་ཞུས་པ་ཟིན་པ་ལས། ལས་ཁུངས་གཞན་ཁག་གི་ལས་བསྡོམས་སྙན་སྒྲོན་ཞུ་རྒྱུ་ལྷག་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།