སྤྱི་འཐུས་ཁག་ཅིག་གྲོས་ཚོགས་ནང་མ་ཕེབས་པར་བརྟེན་གྲོས་ཚོགས་ཀྱི་ལས་ཉིན་བཞི་བ་འཚོགས་ཐུབ་མི་འདུག

གྲོས་ཚོགས་ཀྱི་སྤྱི་འཐུས་ངོ་ཡོད་རྩ་འབོར་གྱི་གསུམ་ཆ་གཉིས་མ་ཚང་པར་བརྟེན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་༤་པ་ཚོགས་ཐུབ་མ་སོང་།

སྐབས་༡༧པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༦པའི་ལས་ཉིན་བཞི་བའི་སྐབས། ༠༩།༢༢།༢༠༢༣ CTA

སྤྱི་ཟླ་༩པའི་ཚེས་༡༩ཉིན་སྐབས་༡༧པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༦པའི་ལས་ཉིན་དང་པོའི་སྐབས། ལས་རིམ་རྣམ་བཞག་ཞིག་དང་འབྲེལ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ནི་རྒྱ་མིའི་གསང་མྱུལ་དང་འབྲེལ་ཡོད་ཚུལ་བརྗོད་པའི་རྗེས་འབྲས་སུ། གནད་དོན་དེ་དང་འབྲེལ་བའི་སྐོར་སྤྱི་འཐུས་ནང་ཁུལ་གླེང་སློང་རིམ་པ་གནང་བ་མ་ཟད། འདི་ཚེས་༢༡ཉིན་ཏེ་གྲོས་ཚོགས་ལས་ཉིན་གསུམ་པ་ཉིན་གང་དེའི་ཐད་བགྲོ་གླེང་གནང་བ་དང་། སྐབས་དེར་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཀྱིས། གོང་ཞུས་སྤྱི་འཐུས་དེ་རྒྱ་ནག་གི་གསང་མྱུལ་དང་འབྲེལ་བ་ཡོད་མེད་འགྲེལ་བརྗོད་གནང་བའི་སྐབས། སྤྱི་འཐུས་ཁག་ཅིག་གིས། བདེ་སྲུང་བཀའ་བློན་གྱི་གསལ་བཤད་དེ་ཁ་གསལ་མེད་པ་སྐྱོན་བརྗོད་དང་སྦྲགས། གལ་ཏེ། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་རྒྱ་ནག་གི་གསང་མྱུལ་དང་འབྲེལ་བ་ཡོད་མེད་ཀྱི་གནད་དོན་ཁ་གསལ་མ་བཟོས་བར་དུ་གྲོས་ཚོགས་ཀྱི་ལས་རིམ་གཞན་ཁག་གཏོང་རྒྱུ་མེད་པ་གསུངས་བ་དང་། བདེ་སྲུང་ལས་ཁུངས་ནས་གོང་ཞུས་སྤྱི་འཐུས་དེ་རྒྱ་ནག་གི་གཞུང་ཚབ་མི་སྣ་དང་འབྲེལ་བ་བྱུང་ཡོད་མེད་ཀྱི་གནད་དོན་དེ་གཙང་བཟོ་གནང་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།
འདི་ཚེས་༢༢་ཉིན་གྱི་སྔ་དྲོ་གྲོས་ཚོགས་ཀྱི་ལས་ཉིན་བཞི་པ་རྒྱུན་ལྡན་བཞིན་འགོ་འཛུགས་གནང་ཡོད་ཀྱང་། སྐབས་དེར་སྤྱི་འཐུས་༢༣མ་གཏོགས་གྲོས་ཚོགས་ནང་མ་ཕེབས་པའི་རྐྱེན་གྱིས་གྲོས་ཚོགས་ཀྱི་འཐུས་མི་ངོ་ཡོད་རྩ་འབོར་གྱི་གསུམ་ཆ་གཉིས་མ་ཚང་པར་བརྟེན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་༤༩པའི་ནང་གསེས་དང་པོའི་དགོངས་དོན་བཞིན། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་༤་པ་ཚོགས་མ་ཐུབ་པ་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་གྲོས་ཚོགས་ནང་བསྒྲགས་ཡོད་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་སུ་གྲོས་ཚོགས་ཚོགས་མ་ཐུབ་པའི་གནད་དོན་སྐོར་བཅར་འདྲི་ཡོང་ཐབས་ཞུས་ཀྱང་། ད་ལྟའི་ཆར་གང་ཡང་ཞུ་རྒྱུ་མེད་ཅེས་གསུངས་བྱུང་། འོན་ཀྱང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གྲོས་ཚོགས་ཀྱི་ཕྱིར་ཕེབས་མ་ཐག་ཏུ་གནད་དོན་དེ་དང་འབྲེལ་བའི་སྐོར་བཅར་འདྲི་ཞུས་སྐབས། སྲིད་སྐྱོང་མཆོག་གིས། གྲོས་ཚོགས་ཚོགས་མ་ཐུབ་པ་དེས་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ཐད་ཤུགས་རྐྱེན་ཐེབས་ཀྱི་མེད་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱིས་སྤྱི་འཐུས་ཚོས་བོད་སྤྱི་པའི་དོན་དུ་ཕྱག་ལས་ནང་ཆེད་འགྲོ་གྲོན་མང་པོ་ཞིག་གཏོང་བཞིན་ཡོད་ཅེས་དང་། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གཉིས་ཀྱི་ལམ་སྟོན་ཕེབས་པ་བཞིན་བཀའ་ཤག་གི་ངོས་ནས་གནད་དོན་དེ་གང་མགྱོགས་གཙང་མ་བཟོ་ཐབས་ལ་འབད་བཞིན་ཡོད། ཡིན་ན་ཡང་ད་རེས་གྲོས་ཚོགས་འཚོགས་མ་ཐུབ་པའི་འགན་དེ་བཀའ་ཤག་ལ་མེད་སྐོར་གསུངས་སོང་།
ཡང་སྐབས་དེར་འདི་གའི་གསར་འགོད་པས་ཉིན་དེར་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་རྭ་བའི་ནང་མ་ཕེབས་མཁན་སྤྱི་འཐུས་ཁག་ཅིག་ལ་བཅར་འདྲི་ཡོང་ཐབས་ཞུས་ཀྱང་དང་ལེན་གནང་མ་སོང་། འོན་ཀྱང་། གྲོས་ཚོགས་ནང་ཕེབས་ཡོད་པ་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས། ཨོསི་ཊརེ་ལི་ཡ་(Australia)་ནས་འདིར་བཅར་དགོས་པའི་རྒྱུ་མཚན་ནི། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ལས་ཁུངས་ཁག་གི་༢༠༢༢་བས་༢༣ལོའི་ལས་བསྡོམས་ལ་ལྟ་ཞིབ་བྱེད་པའི་ཚོགས་དུས་རེད་ལ། དེར་འཐུས་ཤོར་བཏང་ན་འགྲིག་ཐབས་རྩ་བ་ནས་མེད། གང་ཟག་སྒེར་གཅིག་གཉིས་ལས་ལྷན་ཁང་ཁག་གི་ལས་དོན་བྱེད་ཕྱོགས་དེ་གལ་ཆེ་བ་བརྩི་དགོས། ཅེས་གསུངས་བྱུང་།
འདི་ཚེས་༢༡ཉིན་ཏེ་སྐབས་༡༧བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་གསུམ་པའི་སྐབས། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་རྒྱ་ནག་གཞུང་ཚབ་མི་སྣ་དང་ཐུག་འཕྲད་བྱས་ཡོད་སྐོར་གྱི་གནས་ཚུལ་དེར་ངོས་ལེན་རྩ་བ་ནས་མེད་པ་གསུངས་ཤིང་། གནས་ཚུལ་དེ་བོད་ཀྱི་རྩ་དོན་དང་འབྲེལ་བ་ཡོད་པར་འགྲེལ་བརྗོད་གནང་སྟེ་རྒྱ་མིའི་གསང་མྱུལ་སུ་དང་ཟླ་དུས་ཚེ་གྲངས་ནམ་ཞིག་ལ་ཐུག་འཕྲད་བྱས་ཡོད་པ་གཙང་མ་བཟོ་དགོས་པ་འབོད་སྐུལ་ཞུས་པ་ཡོད་པ་རེད།


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org