གྲོས་ཚོགས་ནང་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་གནང་ཐུབ་མི་འདུག
ཁྲིམས་ཞིབ་པའི་འོས་ཆོས་དང་མཛད་གཙོ་རྣམ་པའི་དམ་འབུལ་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་གྲོས་ཚོགས་ནང་བཏོན་པ་མར་ཟགས་ནས་གཏན་འབེབས་གནང་ཐུབ་མི་འདུག
- 2023-03-23
-
-
-
Your browser doesn’t support HTML5 audio
བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་བསྐོ་བཞག་ཆ་རྐྱེན་འོས་ཆོས་དང་འབྲེལ་བ། གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཡིག་ཆ་ཨང་༡༩པ་དེ་བཞིན། འཛིན་སྐྱོང་བཀའ་ཤག་གི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༥པའི་ཐོག སྤྱི་ཟླ་༣པའི་ཚེས་༢༢ཉིན་གྲོས་ཚོགས་ལས་རིམ་དུ་བཏོན་ཏེ་ཁྲིམས་འཆར་བགྲོ་གླེང་གི་ཁོངས་སུ་ཚུད་ཡོད་ནའང་། ཚེས་༢༣ཉིན་གྱི་གྲོས་ཚོགས་ལས་རིམ་དུ་ཁྲིམས་འཆར་ཡིག་ཆ་ཨང་༡༩པ་དེར་བགྲོ་གླེང་ཞིབ་ཕྲ་དགོས་དང་མི་དགོས་ཀྱི་ཐད་ཕྱག་བརྐྱངས་ཏེ་ཐག་གཅོད་གནང་སྐབས། གྲོས་ཚོགས་འཐུས་མི་༡༤ནས་བགྲོ་གླེང་དགོས་པའི་ཕྱག་བརྐྱངས་བ་དང་། གྲོས་ཚོགས་འཐུས་མི་༢༠ནས་བགྲོ་གླེང་མི་དགོས་པར་ཐད་ཀར་གཏན་འབེབས་ཐག་གཅོད་ཐུབ་མིན་བལྟ་དགོས་པའི་ཕྱག་བརྐྱངས་པར་བརྟེན། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས། ཁོང་གིས་ཆབ་སྲིད་ཀྱི་ཕྱོགས་རིས་བྱས་པ་ཞིག་མིན་པར། ༧གོང་ས་མཆོག་གིས་གསོལ་རས་གནང་བའི་ཡང་དག་པའི་མང་གཙོའི་གཞུང་དེ་སྲུང་སྐྱོབ་ཀྱི་ཆེད་དང་། ཁྲིམས་སྒྲིག་གི་ལམ་ལ་འགྲོ་བའི་ཆེད་ཡིན་པ་གསལ་བཤད་དང་བཅས་དགག་བྱ་གནང་སྐབས། དེ་ལ་བོན་པོའི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས། དགག་པ་བརྒྱབ་མཁན་ཞིག་ཡིན་ན་ཡར་ཚུད་པ་ལ་དགག་པ་བརྒྱབ་པའི་གནས་སྐབས་སུ། དགག་པ་བརྒྱབ་མཁན་དེས་གསལ་བཤད་བྱེད་དགོས་པ་དང་དེ་ལ་གྲོས་འཆར་འདོན་མཁན་གྱིས་ལན་རྒྱག་དགོས་ཟེར་བ་ལས། ད་ལྟ་དགག་པ་བརྒྱབས་དུས་དགག་པ་བརྒྱབ་མཁན་གྱིས་ད་ལྟ་བར་དུ་གསལ་བཤད་བྱེད་དགོས་ཀྱི་གནས་སྟངས་གང་ཡང་ཆགས་ཀྱི་མེད་པར། གཏན་འབེབས་ཀྱི་གནས་སྐབས་སུ་དགག་པ་བརྒྱབ་མཁན་གྱིས་གསལ་བཤད་བྱེད་དགོས་པ་ཁྲིམས་སྒྲིག་གང་དུའང་བྲིས་མེད་པ་སོགས་ལས་རིམ་རྣམ་གཞག་བཏོན་གནང་ཡོད།
ལས་རིམ་རྣམ་བཞག་དེ་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས་ངོས་བཞེས་གནང་སྟེ། གྲོས་ཚོགས་འཐུས་མི་ཚོའི་ནང་ཁྲིམས་འཆར་དེ་གཏན་འབེབས་ཐུབ་མིན་གྱི་འོས་བསྡུ་གནང་སྐབས། གྲོས་ཚོགས་འཐུས་མི་༢༥མ་གཏོགས་རྒྱབ་སྐྱོར་གནང་མཁན་མ་བྱུང་བར་བརྟེན། བཅའ་ཁྲིམས་བསྐྱར་བཅོས་གཏན་འབེབས་ཐུབ་པར། སྤྱི་འཐུས་༤༥ཡོད་པའི་རྩ་འབོར་གྱི་གསུམ་ཆ་གཉིས་ཏེ་སྤྱི་འཐུས་༣༠ནས་རྒྱབ་སྐྱོར་གནང་དགོས་པའི་རྩ་འབོར་མ་ལོན་པར་ཁྲིམས་འཆར་དེ་གཏན་འབེབས་གནང་མ་ཐུབ་པར་ཟགས་ཡོད་པ་རེད།
གཞན་གྲོས་ཚོགས་ལས་རིམ་དེར་སྲིད་སྐྱོང་དང་བཀའ་བློན་སོགས་མཛད་གཙོ་རྣམ་པའི་ལས་ཁུར་དམ་འབུལ་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཡིག་ཆ་ཨང་༢༠པ། ཁྲིམས་ཞིབ་པ་ཆེ་བ་མེད་ཚེ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་མདུན་ལས་ཁུར་དང་གསང་རྒྱའི་དམ་བཅའ་ལེན་དགོས་པ་འཁོད་ཡོད་པ་དེ་ལ་ཡང་། སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་མ་ལོན་པར་བརྟེན་གཏན་འབེབས་མ་ཐུབ་པར་གཅིག་མཚུངས་སུ་ཟགས་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།