སྤྱི་འཐུས་གྲོས་ཚོགས་སུ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ཁག་གི་ལས་དོན་ཐད་འདྲི་རྩད་དང་སྔོན་རྩིས་གཏན་འབེབས་གནང་སོང་།
བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་རྒྱུན་གྲོན་སྔོན་རྩིས་བསྡོམས་ཧིན་སྒོར་ས་ཡ་བཅུ་གཅིག་དང་བདུན་འབུམ་བདུན་ཁྲི་ལྷག་གྲོས་ཚོགས་ཀྱིས་སྤྱི་མོས་གཏན་འབེབས་གནང་སོང་།
- 2024-03-21
-
-
-
བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་བཞི་པ་འདི་ཚེས་༢༡ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་ནང་ཚོགས་ཡོད་པ་བཞིན། ད་རེས་ཀྱི་གྲོས་ཚོགས་ཐོག་མུ་མཐུད་དུ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་ལྡི་ལི་སྐུ་ཚབ་དོན་གཅོད་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སོགས་ཀྱི་རྒྱུན་གྲོན་ཐོག་བགྲོ་གླེང་དང་གཏན་འབེབས་སོགས་གནང་པའི་ཁྲོད། ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་དམིགས་བསལ་རྒྱུན་གྲོན་བསྡོམས་ཧིན་སྒོར་ས་ཡ་བཅུ་གཅིག་དང་བདུན་འབུམ་བདུན་ཁྲི་ལྷག་གྲོས་ཚོགས་ཀྱིས་་སྤྱི་མོས་གཏན་འབེབས་གནང་ཡོད་པ་རེད།
སྐབས་དེར་སྤྱི་འཐུས་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་དུ་ཕྱི་བསྐྱོད་ལག་དེབ་སེར་པོ་བཟོ་ཕྱོགས་དང་འབྲེལ་བའི་ཐོག་མང་ཚོགས་ཁྲོད་དཀའ་ངལ་མང་དག་ཞིག་འཕྲད་བཞིན་ཡོད་པས་འབྲེལ་ཡོད་ལས་ཁང་གི་ངོས་ནས་ངེས་པར་དུ་དགོངས་པ་བཞེས་ནས་ཐབས་ལམ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་བར། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་མི་མང་ལ་དཀའ་ངལ་མི་འཕྲད་པའི་ཐབས་ལམ་བཙལ་འཚོལ་དང་ཐབས་ཤེས་གནང་རྒྱུ་ཡིན་པའི་ལན་འདེབས་གནང་སོང་།
ཡང་སྤྱི་འཐུས་ཁག་ཅིག་གིས་བར་སྐབས་ཞིག་ནས་ལྡི་ལི་སྐུ་ཚབ་དོན་གཅོད་གསར་པ་བསྐོ་བཞག་གནང་མ་ཐུབ་པའི་རྒྱུ་མཚན་དང་འབྲེལ་བའི་ཐད་དྭོགས་འདྲི་ཞུས་པར། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ལན་འདེབས་གསལ་བཤད་གནང་བའི་ནང་ཁོང་གིས། ལྡི་ལི་སྐུ་ཚབ་དོན་གཅོད་གསར་པ་བསྐོ་བཞག་དང་འབྲེལ་དང་པོ་བཀའ་ཤག་ནང་གྲོས་སྡུར་གནང་ཐོག་བཀའ་དྲུང་ཡིག་ཚང་ནས་འོས་མི་བྱེ་བྲག་པ་ལ་ཕར་འབྲེལ་བ་གནང་པ་ལས་ཚུར་དང་དུ་བླངས་ནས་འབྲེལ་བ་ཞུས་པ་ཞིག་ཆགས་ཀྱི་མེད་སྐོར་དང་། ལྡི་ལི་སྐུ་ཚབ་དོན་གཅོད་ཟུར་པ་དགོངས་ཞུ་གནང་དོན་གཙོ་བོ་ནི། འཕྲོད་བསྟེན་གྱི་དཀའ་ངལ་འཕྲད་པ་ལས་གཞན་རྒྱུ་མཚན་གང་ཡང་མེད་པ་གསུངས་གནང་སོང་།
ཡང་སྤྱི་འཐུས་དོན་གྲུབ་ཚེ་རིང་ལགས་ཀྱིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁང་གི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་ཐོག ཁོང་གིས་ཨ་རིའི་གྲོས་ཚོགས་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེ་གལ་ཆེན་པོ་ཞིག་དང་། ཛ་དྲག་ཞིག་ཆགས་ཀྱི་ཡོད་དུས་ང་ཚོའི་ངོས་ནས་གོ་སྐབས་བཟང་པོ་དེ་དམ་འཛིན་གྱིས་འཇིན་སྐྱོང་དང་ཚོགས་པ་སྒེར་ཚང་མས་སྐུ་ལས་སྐྱོན་རྒྱུ་གལ་ཆེ་ཡིན་པ་དགོངས་འཆར་བཏོན་གནང་སོང་།
སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་ཀྱིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་སྤྱི་ཡོངས་ཀྱི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་ཐོག ཁོང་གིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དེ་བཞིན་ལས་འགན་དང་ཕྱོགས་གང་གི་ཆ་ནས་གལ་ཆེན་པོ་དང་གནད་དགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་དུས། ཨ་རིའི་རྒྱལ་ཡོངས་འོས་བསྡུའི་སྐབས་བོད་མི་ཚོའི་ངོས་ནས་ཨ་རིའི་ནང་གི་ཚོགས་པ་དང་སྲིད་འཛིན་འོས་མི་བྱེ་བྲག་པ་ཞིག་ལ་རྒྱབ་སྐྱོར་གྱི་རྣམ་པ་འདོན་རྒྱུ་ཡག་པོ་མེད་པ་དང་འཛིན་སྐྱོང་གི་ངོས་ནས་དུས་ནས་དུས་སུ་ལམ་སྟོན་གནང་རྒྱུ་གལ་ཆེ་ཡིན་པས་དགོངས་འཆར་འདོན་པར། སྲིད་སྐྱོང་མཆོག་གིས། དོན་གཅོད་ཁང་གི་ངོས་ནས་ཨ་མི་རི་ཀའི་ནང་གི་མང་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་བར་རྒྱབ་སྐྱོར་བྱེད་པ་དང་རྣམ་འགྱུར་སྟོན་པ་སོགས་བྱེད་ཆོག་གི་མེད་པ་དང་། དེ་ལྟར་བྱེད་ཀྱི་མེད། རྒྱ་ཆེའི་མང་ཚོགས་ལ་ཡང་སློབ་སྟོན་ཡང་ཡང་ཞུས་ཡོད་པ་ལན་འདེབས་གསལ་བཤད་གནང་སོང་།
དེ་བཞིན་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་བྱང་ཨ་རི་སྐུ་ཚབ་དོན་གཅོད་ཀྱི་དམིགས་བསལ་རྒྱུན་གྲོན་བསྡོམས་ཧིན་སྒོར་ས་ཡ་གསུམ་བཅུ་སོ་བདུན་དང་འབུམ་མེད་ཉིས་ཁྲི་གསུམ་སྟོང་ལྷག་གྲོས་ཚོགས་སུ་སྤྱི་མོས་གཏན་འབེབས་གནང་སོང་།
ད་རེས་གྲོས་ཚོགས་ར་བའི་ནང་ཕྱི་དྲིལ་ལས་ཁུངས་ཀྱི་སྐུ་མགྲོན་གྷན་དྷིའི་རྗེས་གྲངས་པ་སྤྱི་ཚོགས་ཞབས་ཞུ་བ་ལྕམ་སྐུ་(Dr. Nirmala Deshpande)་ལགས་ཀྱིས་ཆེད་བཙུགས་གནང་པའི་ཞི་བདེ་མཉམ་ལས་ཚོགས་པའི་ཚོགས་གཙོ་སྐུ་ཞབས་(Vivek Kumar Mishra)་ལགས་དང་། ཚོགས་མི་ཁག་ཅིག་གྲོས་ཚོགས་སུ་ཕེབས་ཡོད་པར་གྲོས་ཚོགས་ཀྱི་འཐུས་མི་ཡོང་ནས་དགའ་བསུའི་འཚམས་འདྲི་ཞུས་གནང་སོང་། ཚོགས་པ་འདིའི་ངོས་ནས་ཕྱི་ལོ་༢༠༢༣ཕྱི་ཟླ་༧ཚེས་༦ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོ་དང་སྟབས་བསྟུན་ནས་རྒྱ་གར་གྱི་ས་ཁུལ་མང་པོའི་ནང་ཤིང་སྣ་འདེབས་འཛུགས་ཀྱི་ལས་འཆར་སྤེལ་ཡོད་པ་མ་ཟད། བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་གི་ཚོགས་པ་ཞིག་ཡིན་འདུག།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།