བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་རྒྱ་གར་ནང་བོད་དོན་ཞུ་སྐུལ་གནང་བཞིན་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་རྒྱ་གར་ནང་ལོ་རྒྱུས་ཐོག་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་སོགས་བོད་དོན་ཞུ་སྐུལ་གནང་བཞིན་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་ནུབ་ཕྱོགས་(Maharashtra)་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་(Ramesh Bais)་ལགས་དང་མཇལ་འཕྲད་སྐབས། ༠༡།༡༩།༢༠༢༤ TPiE

སྐབས་༡༧པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་གྱི་མངའ་སྡེ་སོ་སོའི་སྲིད་སྐྱོང་དང་། གྲོས་ཚོགས་ཀྱི་ཚོགས་གཙོ། སྤྱི་ཁྱབ་བློན་ཆེན། དབུས་དང་མངའ་སྡེའི་བློན་ཆེན་ཁག གྲོས་ཚོགས་འཐུས་མི་རྣམ་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག དེ་བཞིན་རྒྱ་གར་མང་ཚོགས་བཅས་ལ་བོད་ཀྱི་དངོས་ཡོད་གནས་སྟངས་ངོ་སྤྲོད་དང་། བོད་དོན་ཞུ་སྐུལ་གནང་རྒྱུའི་ལས་རིམ་སྒྲིག་ཡོད་པ་ལྟར། ཉེ་ལམ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་ནུབ་ཕྱོགས་(Maharashtra)་མངའ་སྡེ་དང་། ལྷོ་ཕྱོགས་(Telangana)་མངའ་སྡེ་སོགས་ཀྱི་ནང་། བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པའི་ཁྲོད། སྤྱི་ཟླ་༡པོའི་ཚེས་༡༩ཉིན་གོང་ཞུས་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གིས། (Maharashtra)་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་(Ramesh Bais)་ལགས་དང་མཇལ་འཕྲད་ཀྱིས། ལོ་རྒྱུས་ཀྱི་ཐོག་ནས་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། བོད་ནང་གི་ཛ་དྲག་གནས་སྟངས་སོགས་ངོ་སྤྲོད་གནང་བའི་རྗེས། མངའ་སྡེ་སྲིད་སྐྱིང་མཆོག་གིས། བོད་མི་མང་སྤྱི་འཐུས་རྣམས་པའི་རེ་སྐུལ་རྣམས་སྲིད་བློན་(Narendra Modi)་མཆོག་ལ་སྙན་སེང་ཞུ་ཐུབ་པ་བྱ་རྒྱུ་ཡིན་པ་གསུངས་ཡོད་པའི་སྐོར་སྤྱི་འཐུས་དོན་གྲུབ་བཀྲིས་ལགས་ཀྱིས་ཞལ་པར་བརྒྱུད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།


གོང་ཞུས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་སྟེ། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་དང་། སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་ལགས། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་བཅས་གསུམ་ཡིན་པ་དང་། ཁོང་རྣམས་ཀྱི་ཞུ་འབོད་གཙོ་བོ་ཁག་ནི། ལོ་རྒྱུས་ཐོག་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་ནའང་། ད་ལྟའི་ཆར་རྒྱ་ནག་གཞུང་གི་བཙན་གནོན་འོག་ཚུད་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། རྒྱ་ནག་གཞུང་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་གྲོས་མོལ་བརྒྱུད་བོད་རྒྱའི་དཀའ་རྙོག་དེ་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་སེལ་དགོས་པའི་ཞུ་སྐུལ་གནང་འདུག་པ་མ་ཟད། བོད་ཀྱི་རང་བྱུང་ཁོར་ཡུག་དང་རྒྱུག་ཆུ་སོགས་རྒྱ་གར་དང་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་དང་མི་མང་དུང་ཕྱུར་མང་པོའི་འཚོ་རྟེན་ཆགས་ཡོད་སྟབས་རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་གཏོར་བཤིག་མཚམས་འཇོག་དགོས་པ་སོགས་དོན་ཚན་༡༠ འཁོད་པའི་ཡིག་ཆ་ཁག་ཕུལ་ཏེ་བོད་དོན་ཞུ་གཏུག་གནང་འདུག
ད་དུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་རྣམ་པས་(Maharashtra)་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་(Rahul Narerkar)་ལགས་དང་། རྒྱ་གར་གློག་བརྙན་ཁྲོམ་རྭ་ཞིབ་འཇུག་པ་སྐུ་ཞབས་(Girish Wankhede)་ལགས་སོགས་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་འདུག་ཅིང་། ད་ལྟའི་ཆར་ཁོང་རྣམ་པ་རྒྱ་གར་གྱི་(Telangana)་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གནང་མུས་ཡིན་པ་སྤྱི་འཐུས་དོན་གྲུབ་བཀྲིས་ལགས་ཀྱིས་ངོ་སྤྲོད་གནང་བྱུང་ལ། རིམ་པས་གོ་ཝ་(GOA)་ཁུལ་དུ་ཕྱོགས་ཕེབས་ཀྱིས། ཁུལ་དེའི་སྲིད་སྐྱོང་དང་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་ཁག་མཇལ་འཕྲད་གནང་རྒྱུའི་ལས་རིམ་ཡོད་པ་འགྲེལ་བརྗོད་གནང་བྱུང་།


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org