བལ་ཡུལ་དུ་བོད་མི་བཅུ་གཉིས་འཛིན་བཟུང༌།

བལ་ཡུལ་ཉེན་རྟོག་པས་བོད་མིའི་འདུ་འཛོམས་ཁ་ཐོར་བཏང་བ་མ་ཟད་བོད་མི་བཅུ་གཉིས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་འདུག

༄༅༎རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱས་པར་ངོ་རྒོལ་ཆེད་དུ་ཁ་སྔོན་ཕྱི་ཟླ་གསུམ་པའི་ཚེས་༡༦ ཉིན་ཀིརྟི་དགོན་པའི་སྐུ་ཞབས་ཕུན་ཚོགས་ལགས་ཀྱིས་རང་ལུས་མེ་བསྲེགས་བཏང་སྟེ་རང་སྲོག་བཅད་པ་ཁོང་ལ་མྱ་ངན་དང་གདུང་སེམས་མཉམ་སྐྱེད་མཚོན་དོན་དུ་ཕྱི་ཟླ་དྲུག་པའི་ཚེས་༢༡ཉིན་བལ་ཡུལ་ནང་གནས་སྡོད་བོད་མི་ཚོས་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཁུལ་དུ་འདུ་འཛོམས་ཀྱིས་མར་མེའི་ལས་འགུལ་ཞིག་སྤེལ་བའི་སྐབས་བལ་པོའི་ཉེན་རྟོག་པ་ཡོང་སྟེ་བོད་མིའི་འདུ་འཛོམས་ཁ་ཐོར་བཏང་བ་མ་ཟད། བོད་མི་༡༢ འཛིན་བཟུང་བྱས་ཡོད་པ་རེད།

བལ་པོའི་ཉེན་རྟོག་པས་རེས་གཟའ་མིག་དམར་མཚན་ལ་འཛིན་བཟུང་བྱས་པའི་བོད་མི་བཅུ་གཉིས་ནི། བློ་བཟང་ཤར་པ་ལགས་དང༌། དབང་འདུས་གུ་རུང༌། དགའ་ཐོ། ཡོན་རན་བླ་མ། བསྟན་འཛིན་བླ་མ། དོན་གྲུབ་ཚེ་རིང༌། ཐུབ་བསྟན་རྒྱ་མཚོ། རྒྱལ་མཚན། རྡོ་རྗེ་ཚེ་རིང༌། རབ་རྒྱས། བསྟན་འཛིན་ཕུན་ཚོགས། རྡོ་རྗེ་བླ་མ་བཅས་ཡིན་ཞིང༌། ཁོང་ཚོའི་ནང་ནས་དབང་འདུས་དང༌། ཐུབ་བསྟན་གཉིས་ནི་བལ་པོ་ཡིན་པ་རེད། བལ་ཡུལ་གྱི་ཉེན་རྟོག་དཔོན་རིགས་ཤྱམ་ལལ་གྱ་ལྦ་ལི་ཞུ་བས། ཁོང་ཚོས་མགོ་སྟོད་དུ་དཀྲིས་པའི་རས་དང་སྟོད་ཐུང་སྟེང་བོད་རང་བཙན་གྱི་ཡི་གེ་བྲིས་པ་གྱོན་ཏེ་རྒྱ་ནག་གཞུང་ལ་ངོ རྒོལ་གྱི་ལས་འགུལ་སྤེལ་རྩིས་བྱས་པར་བརྟེན་བལ་པོའི་ཉེན་རྟོག་པས་ལས་འགུལ་ཁ་ཐོར་བཏང་བ་ཡིན་ལུགས་འགྲེལ་བརྗོད་བྱས་ཡོད་པ་མ་ཟད། བལ་ཡུལ་གྱི་སྤྱི་ཚོགས་བདེ་འཇགས་ལ་ཉེན་ཁའི་ཁྲིམས་ལུགས་འབྲུ་དོན་བཞིན་ཁོང་ཚོས་སྤྱི་ཚོགས་ནང་ཞི་བདེར་འགོག་རྐྱེན་བཟོ་མཁན་གྱི་བོད་རང་བཙན་གྱི་ལས་འགུལ་སྤེལ་མཁན་ཡིན་པའི་ནག་ཉེས་བཙུགས་པ་ཡིན་ཞེས་བཤད་ཡོད་པ་རེད། བལ་ཡུལ་ནང་དུ་བཙན་བྱོལ་བོད་མི་ཉིས་ཁྲི་ཉིས་སྟོང་ལྷག་གནས་སྡོད་བྱེད་བཞིན་པ་དང༌། བལ་ཡུལ་གཞུང་གིས། རྒྱ་ནག་གཅིག་གི་སྲིད་ཇུས་ལག་བསྟར་བྱས་ཏེ། བལ་ཡུལ་ས་ཐོག་ཏུ་བོད་མི་ཚོར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རིགས་སྤེལ་བཅུག་རྒྱུ་མིན་པ་རྒྱ་ནག་ལ་ཁས་ལེན་བྱས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org