བོད་པའི་སློབ་ཕྲུག་ཁག་ལ་བཙན་བྱོལ་བོད་མིའི་མང་གཙོ་ངོ་སྤྲོད།
བཙན་བྱོལ་བོད་པའི་སློབ་ཕྲུག་ཁག་ལ་བཙན་བྱོལ་བོད་མིའི་མང་གཙོའི་ངོ་སྤྲོད་དང་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་ཟབ་སྦྱོང་གནང་བ།
-
2009-12-26 -
-
-
༄༅༎བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་ཟླ་བ་འདིའི་ཚེས་ཉི་ཤུ་བཞི་ནས་བཟུང་བདུན་ཕྲག་གཅིག་རིང་བཙན་བྱོལ་བོད་མིའི་འཛིན་རིམ་བཅུ་གཅིག་པའི་སློབ་ཕྲུག་ཁག་ལ་བཙན་བྱོལ་བོད་མིའི་མང་གཙོའི་ངོ་སྤྲོད་དང་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་ཟབ་སྦྱོང་གནང་བཞིན་ཡོད་པ་་རེད་
ཐོག་མར་ཟླ་བ་འདིའི་ཚེས་ཉི་ཤུ་བཞི་ཉིན་ཟབ་སྦྱོང་འགོ་འབྱེད་ཉིན་ཟབ་སྦྱོང་འགན་འཛིན་གཙོ་བོ་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་ཀྱིས་ཟབ་སྦྱོང་གི་ལས་འཆར་ངོ་སྤྲོད་གནང་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་དབུ་འབྱེད་གསུང་བཤད་གནང་ཡོད་པ་རེད་ ཁོང་གིས་སློབ་ཕྲུག་ཚོར་གསུང་བཤད་བརྒྱུད་སློབ་ཕྲུག་ཚོས་དུས་དང་རྣམ་པ་ཀུན་ཏུ་སྣང་བ་མ་གཡེང་བ་དང་དུས་ཚོད་འཕྲོག་བརླག་མ་བཏང་བར་ ཤེས་ཡོན་ཐོག་ལ་དོ་སྣང་བརྩེ་གཅིག་ཏུ་བྱས་ཏེ་ནུས་པ་ཐོན་པ་བྱེད་དགོས་ཞེས་ལམ་སྟོན་གནང་ཡོད་པ་རེད་
བོད་ཀྱི་གནས་སྟངས་ཐད་སློབ་ཕྲུག་ཚོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་གསུང་བཤད་གནང་བའི་སྙིང་དོན་དུ་ ང་ཚོའི་རྒྱལ་ཁབ་གཞན་གྱི་ལག་ཏུ་ཤོར་ཡོད་སྟབས་མི་རིགས་གཞན་དང་མི་འདྲ་བར་ཁྱེད་རང་ཚོས་རང་གི་ཀུན་སྤྱོད་དང་ཡོན་ཏན་ ནུས་པ་བཅས་ འདོན་ཐུབ་པ་བྱེད་དགོས་ཀྱི་འདུག་ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དོན་སླད་དུ་སྐུ་ངལ་བསྐྱོན་གནང་བ་དེ་དག་ང་ཚོས་འཕྲོག་བརླག་མ་གཏོང་བར་སོ་སོའི་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ལས་འགན་འཁྱེར་ཐུབ་པ་བྱེད་དགོས་ཞེས་ཀྱང་ལམ་སྟོན་གནང་ཡོད་པ་རེད།
མཛད་འཆར་གཞིར་བཟུང་བྱས་ན་བདུན་ཕྲག་འདིའི་རིང་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་མཆོག་གིས་གཙོས་པས་བཙན་བྱོལ་བོད་གཞུང་གི་མཛད་གཙོ་བ་ཉི་ཤུ་ཙམ་གྱིས་སློབ་ཕྲུག་ཚོར་ཟབ་སྦྱོང་གནང་མུས་ཡིན་པ་རེད་ ཟབ་སྦྱོང་དེའི་ནང་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲ་ཉི་ཤུ་ནས་དགེ་རྒན་ཁག་ཅིག་དང་འཛིན་རིམ་བཅུ་གཅིག་གི་སློབ་ཕྲུག་ཁྱོན་བསྡོམས་བརྒྱ་དང་དྲུག་གིས་མཉམ་ཞུགས་བྱེད་བཞིན་པ་ཡིན་པ་རེད།།