བལ་ཡུལ་གཞུང་གི་བཀར་བརྩི་འཇོག་གིས་ངོ་རྒོལ་ལས་འགུལ་མི་སྤེལ་རྒྱུའི་འབོད་སྐུལ།

བལ་ཡུལ་ནང་གསུམ་བཅུའི་དུས་དྲན་སྐབས་གནས་ཡུལ་གྱི་གནས་སྟངས་དང་བསྟུན་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་རིགས་མི་སྤེལ་རྒྱུའི་འབོད་སྐུལ་བྱས་འདུག

བལ་ཡུལ་ནང་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་ཉེན་རྟོག་པས་འཛིན་བཟུང་། ༢༠༠༨།༦།༥ Lhuboom/RFA

བལ་ཡུལ་ནང་གསུམ་བཅུའི་དུས་དྲན་སྐབས་གནས་ཡུལ་གྱི་གནས་སྟངས་དང་བསྟུན་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་རིགས་མི་སྤེལ་རྒྱུའི་འབོད་སྐུལ་བྱས་འདུག
བལ་ཡུལ་གཞུང་གིས་གསུམ་བཅུའི་དུས་དྲན་ནམ་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་བལ་ཡུལ་ནང་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མི་ཆོག་པའི་བཀའ་རྒྱ་ནན་པོ་བཏང་བཞིན་ཡོད་ལ། དེ་བཞིན་བོད་མི་གནས་ཡུལ་གྱི་ས་གནས་མང་པོར་དམག་མི་ཁྱོན་ཆེ་འགྲེམ་འཇོག་གིས་དམ་དྲག་ཀྱང་ཆེན་པོ་བྱེད་སྲོལ་ཡོད་པ་ལྟར། འདི་ལོ་ཡང་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་རིགས་མི་ཡོང་བ་བལ་ཡུལ་བོད་མིའི་བདེ་དོན་ལས་ཁུངས་ཀྱིས་གསལ་བསྒྲགས་བྱས་འདུག
འདི་ནི་བལ་ཡུལ་གཞུང་གི་ངོས་ནས་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་ཆབ་སྲིད་དང་འབྲེལ་བའི་ལས་འགུལ་རིགས་ལ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་དང་། གསུམ་བཅུའི་དུས་དྲན་ནི་ཆབ་སྲིད་དང་འབྲེལ་བ་ཡོད་སྟབས། གནས་ཡུལ་རྒྱལ་ཁབ་ཀྱི་དམ་དྲག་བྱེད་རྒྱུ་ཡིན་པོར་མ་ཟད། ༧གོང་ས་མཆོག་གིས་ཡུལ་ཆུ་འཐུང་ན་ཡུལ་ཁྲིམས་ཁུར་དགོས་པའི་བཀའ་སློབ་ཕེབས་པ་ལྟར་མི་མང་འདུ་འཛོམས་དང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་རིགས་མི་སྤེལ་རྒྱུའི་འབོད་སྐུལ་ནན་ཏན་ཞུ་རྒྱུ་ཡིན་པ་བལ་ཡུལ་བོད་མིའི་བདེ་དོན་ལས་ཁུངས་ཀྱི་ལས་དྲུང་ཀརྨ་རྒྱལ་མཚན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་གསུངས་ཡོད་པ་རེད།   ཁོང་གིས་བལ་ཡུལ་གཞུང་གིས་ཡིག་ཐོག་ནས་དུས་དྲན་སྲུང་བརྩི་བྱེད་མི་ཆོག་པ་དང་། ལས་འགུལ་སྤེལ་མི་ཆོག་པའི་སྔོན་བརྡ་སོགས་འབྱོར་མེད་པ་གསུངས་ཡང་།  བལ་ཡུལ་ནང་སྲིད་ལས་ཁུངས་དང་བོད་མི་འདུ་སྡོད་བྱ་ཡུལ་གྱི་རྫོང་ཁག་སོ་སོའི་ལས་ཁུངས་ནས་ཁ་པར་ཐོག་ཡིག་ཆུང་བརྡ་ཐོ་འབྱོར་ཡོད་པ་ངོས་ལེན་གནང་ཞིང་། བལ་ཡུལ་བོད་མིའི་བདེ་དོན་ལས་ཁུངས་དང་བལ་ཡུལ་ནང་གི་བོད་མིའི་གཞིས་ཆགས་ལས་ཁུངས་ཁག་ནས་བལ་ཡུལ་ནང་སྲིད་ལས་ཁུངས་ལ་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་ཕྱོགས་པའི་ཞུ་ཡིག་ཕུལ་འདུག་ཀྱང་། ཆབ་སྲིད་དང་འབྲེལ་བའི་ལས་འགུལ་རིགས་གཏན་ནས་སྤེལ་མི་ཆོག་པའི་ལན་བརྡ་བྱུང་བ་གསལ་བཤད་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org