བོད་མིའི་རང་དབང་སྒེར་ལངས་དུས་དྲན་སྲུང་བརྩི་གནང་བ།


2016.03.10
བཞུགས་སྒར་རྡ་རམ་ས་ལར་བོད་མིའི་སྒྲིག་འཛུགས་གཞུང་མང་གཉིས་ནས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༥༧སྲུང་བརྩི་གནང་སྐབས། ༢༠༡༦།༣།༡༠ བཞུགས་སྒར་རྡ་རམ་ས་ལར་བོད་མིའི་སྒྲིག་འཛུགས་གཞུང་མང་གཉིས་ནས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༥༧སྲུང་བརྩི་གནང་སྐབས། ༢༠༡༦།༣།༡༠
བསྟན་འཛིན་དོན་ཡོད།/RFA

རྒྱ་ནག་གཞུང་གིས་བོད་ཐོག་འཛིན་བཞིན་པའི་སྲིད་བྱུས་ཁག་ལ་བོད་མི་མང་སྤྱི་འཐུས་ལྷན་ཁང་གིས་སྐྱོན་བརྗོད་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། དེ་རིང་སྤྱི་ཟླ་༣ཚེས༡༠ཉིན། བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར། དེ་སྔ་སྤྱི་ལོ་༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་རྣམས་ཀྱིས་རྒྱ་དམར་གྱི་བཙན་འཛུལ་བར་ངོ་རྒོལ་སྒེར་ལངས་བྱས་པའི་དུས་དྲན་ཐེངས་༥༧པ་དང་། རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་མོའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཞིག་བསྐྱངས་འདུག
ཞོགས་པ་ཕྱག་ཚོེད་༩ཐོག་གཞུང་འབྲེལ་མཛད་སྒོ་དངོས་གཞི་དབུ་འཛུགས་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རང་དབང་ཅན་གྱི་ལས་ཁུངས་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་རྣམ་པ། སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་འགན་འཛིན་དང་སེར་སྐྱ་མི་མང་། སློབ་ཕྲུག་སོགས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་དུས་དྲན་སྲུང་བརྩིའི་མཛད་སྒོ་བསྐྱང་བའི་ཐོག་མར་ཚང་མས་སྐུ་བཞེངས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་སྐབས། བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་བ་དང༌། དེ་ནས་བོད་དང་བོད་མིའི་རྩ་དོན་ཆེད་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་བའི་རྒྱལ་གཅེས་པ་ཕོ་མོ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་མྱ་ངན་གུས་འདུད་སླད་ངག་བཅད་སྐར་མ་གཅིག་གནང་གྲུབ་མཚམས་རྡ་སྟེང་བོད་ཁྱིམ་སློབ་གྲྭས་རྔ་རོལ་དང་བཅས་གསུམ་བཅུའི་དྲན་གླུ་ཕུལ་བ་དང༌། དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་ཡོད་པ་རེད། གསུངས་བཤད་ནང་། བོད་གངས་ཅན་པ་རྣམས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་མཚམས་མ་ཆད་པ་བྱ་དགོས་དོན་གྱི་རྐྱེན་རྩ་རྒྱ་ནག་གཞུང་གི་བྱེད་སྟངས་ལ་ཐུག་པ་ཞིག་ཡིན། རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱེད་པའི་རིང་བོད་ཀྱི་འགྲོ་བ་མི་ཡི་ཐོབ་ཐང་ལ་རྡོག་རོལ་དང་། ཆོས་དད་རང་དབང་བཙན་འཕྲོག སྐད་ཡིག་སྲུང་སྐྱོབ་ལ་བརྩི་མེད། རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན། མི་སེར་སྤེལ་ཐབས་ཀྱི་བྱུས་ངན་སོགས་བཤམས་ནས་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་ཉེན་དང་། བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པ་རྩ་གཏོར་གཏོང་ལ་ཉེ་བའི་སྐབས། བོད་མི་རྣམས་ཀྱིས་རྒྱ་རྒོལ་གྱི་ལས་འགུལ་རྒྱུན་མ་ཆད་པ་སྤེལ་བར་རྒྱ་གཞུང་གིས་བོད་མིའི་མངོན་འདོད་ལ་བདག་སྐྱོང་བྱ་རྒྱུ་ལྟ་ཞོག ཡ་ང་སྙིང་རྗེ་བྲལ་བའི་དྲག་གནོན་དང་མནར་གཅོད་འོག་བོད་མི་འབུམ་ཕྲག་བཅུ་གཉིས་ལྷག་གི་ཚེ་སྲོག་ཤོར་བ་དང་། ལྷག་པར་༢༠༠༩ལོ་ནས་བཟུང་ཉེ་སྔོན་ཕྱི་ལོ་༢༠༡༦ཟླ་༢ཚེས་༢༩ཉིན་བོད་དཀར་མཛེས་ཁུལ་ཉག་རོང་རྫོང་གི་མཚོ་ཁ་ཨརྱ་གླིང་དགོན་པའི་དགེ་འདུན་པ་སྐལ་བཟང་དབང་འདུས་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་གྱུར་ཡོད་པའི་བར་བོད་མི་༡༤༣གྱིས་རང་ལུས་མེར་བསྲེགས་ཀྱི་ཞི་རྒོལ་གནང་དགོས་ཆགས་པ་སོགས་ལ་བསམ་ཤེས་མེད་པར། བོད་དང་འབྲེལ་བའི་རྒྱབ་ཤ་དཀར་པོའི་དེབ་ཟེར་བ་དང་། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཟེར་བ་སོགས་ཐེངས་གྲངས་ཇི་ཙམ་མང་ཡང་མིང་རྫིག་དོན་སྟོང་ཤ་སྟག་ཅན་བྱེད་སྟངས་འདི་ཚོས་བོད་མི་རིགས་རྣམས་ཀྲུང་ཧྭ་མི་རིགས་དང་རྒྱང་ཐག་རིང་དུ་འགྲོ་རྒྱུ་ལས་ཐག་ཉེ་རུ་ཆགས་རེ་མེད་པ་བཟོ་བཞིན་ཡོད་པ་ཉི་ཤར་སྦར་མོས་འགེབས་ཐབས་མེད་པ་ལྟར་རེད་ཅེས་སོགས་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཁག་ལ་སྐྱོན་བརྗོད་གནང་འདུག
དེ་བཞིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་གི་གསུང་བཤད་གནང་ཡོད་པ་དང་། དེ་ནས་མཛད་སྒོའི་མཐའ་མར་རྡ་སྟེང་བོད་ཁྱིམ་སློབ་གྲྭས་བདེན་ཚིག་སྨོན་ལམ་གསུང་བསྐུལ་དང་འབྲེལ་ཚང་མས་ཕྱག་གཉིས་ཐལ་མོ་སྦྱར་ཏེ་མཉམ་དུ་འུར་འདོན་གནང་སྟེ་གཞུང་འབྲེལ་མཛད་སྒོ་གྲོལ་བའི་རྗེས་བོད་མི་ཚོས་རྔམ་སྟོན་སྐད་འབོད་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད།
དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་དབུས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག བསམ་ཡས་གླིང་ས་གནས་གཞོན་ནུ་དང་རོ་ཧི་ནི་ས་གནས་གཞོན་ནུས་མཉམ་རུབ་བྱས་ཏེ། ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཞི་བའི་སྐད་འབོད་གནང་ཡོད་པར་བརྟེན་བོད་མི་ཞི་རྒོལ་བ་མང་པོ་ཉེན་རྟོག་པས་འཇུ་བཟུང་བཀག་ཉར་བྱས་ཡོད་འདུག

གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎