བོད་དོན་ཞུ་གཏུག་གི་ལས་འགུལ་༦པ།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིག་འོག་ཨ་མེ་རི་ཀའི་ས་ཕྱོགས་གང་ས་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མིའི་ལས་ཁུངས་སུ་བཅར་ནས་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་ཡོང་བའི་ཞུ་གཏུག་གི་ལས་འགུལ་སྤེལ་བ།

ཨ་རིའི་རྒྱལ་གྲོས་ཚོགས་སུ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་པའི་ངོ་སྤྲོད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། ཡེ་ཤེས་བཀྲ་ཤིས།

༄༅༎དེ་རིང་གི་གཏམ་གླེང་ལེ་ཚན་ནང་ཨ་རིའི་གྲོས་ཚོགས་སུ་བོད་དོན་ཞུ་གཏུགས་གི་ལས་འགུལ་སྤེལ་བའི་ཁྲོད་ནས་ས་གནས་ཁག་ནས་ཆེད་བཅར་ཞུས་པའི་མི་སྣ་ཁག་ཅིག་ལྷན་བོད་དོན་ཞུ་གཏུག་གི་གལ་འགངས་རང་བཞིན་དང་གནད་དོན་གང་གི་ཐོག་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ལ་འགྲེལ་བརྗོད་གནང་བ།    ཁོང་རྣམ་པའི་ཉམས་མྱོང་སོགས་ཀྱི་ཐོག་བཀའ་མོལ་ཞུས་པ་ཞིག་གསན་རོགས་གནང་།།

ཡིག་ཐོག་གསར་འགྱུར>>>

དེ་ཡང་འདི་ག་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིག་འོག་ཕྱི་ཟླ་༣་ཚེས་༣༡་ནས་ཟླ་༤་ཚེས་༡་བར་གྱི་ཉིན་གྲངས་གཉིས་རིང་ཨ་མི་རི་ཀའི་གྲོས་ཚོགས་ནང་བོད་དོན་ཐད་རྒྱབ་སྐྱོར་སྔར་ལས་ལྷག་པ་ཡོང་བའི་ཆེད་ཨ་མི་རི་ཀའི་རྒྱལ་སར་རང་སོ་སོའི་གནས་སྡོད་བྱེད་སའི་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མིར་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་བཞིན་པ་དང་། འདི་ལོའི་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྐབས་གཙོ་བོ་ཨ་མི་རི་ཀ་གཞུང་གིས་བོད་ཐོག་དཔལ་འབྱོར་གྱི་རྒྱབ་སྐྱོར་གནང་བཞིན་པ་མུ་མཐུད་གནང་རོགས་ཞུ་རྒྱུ་དང་། བལ་ཡུལ་དང་རྒྱ་གར་གཉིས་ནས་བོད་མི་ལྔ་སྟོང་ཨ་རིའི་ནང་གཞིས་སྤོས་གནང་རྒྱུའི་ལས་དོན་འཆར་གཞིའི་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ། རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྕིས་མེད་སྡུག་རོལ་གྱི་བྱ་སྤྱོད་སྤེལ་མཁན་ནག་ཉེས་ཅན་གྱི་མི་སྣ་ཚོ་ཨ་རིའི་ནང་ཡོང་རྒྱུར་བཀག་སྡོམ་གནང་རྒྱུའི་ཐོག་འབོད་སྐུལ། དེ་བཞིན་ད་ལྟ་རྒྱ་ནག་གཞུང་གིས་བཙོན་ཁང་ནང་གནས་བཞིན་པའི་མཁན་པོ་ཀརྨ་ཚེ་དབང་ལགས་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལགས་རྣམ་གཉིས་གཙོ་བོར་གྱུར་བའི་བོད་མི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་བཅས་དོན་ཚན་གཙོ་བཞིའི་ཐོག་ཞུ་གཏུགས་བྱས་ཡོད་པ་དང་། ཨ་རིའི་ཕྱི་སྲིད་ལས་ཁང་ལ་འབོད་སྐུལ་ཞུས་ཡོད་པ་རེད།

ད་ཐེངས་ཨ་རིའི་རྒྱལ་སར་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་བ་ཐེངས་དྲུག་པ་ཡིན་པ་དང་། དེའི་ཐོག་ཨ་མི་རི་ཀའི་མངའ་སྡེ་ཁག་ཉི་ཤུ་ཙམ་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྒན་གཞོན་མི་གྲངས་བརྒྱ་ལྷག་ཙམ་མཉམ་ཞུགས་གནང་ཡོད་པ་དང་། བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་དེ་ལོ་རེ་བཞིན་རྒྱ་ཆེ་རུ་འགྲོ་བཞིན་པ་མ་ཟད་།  ཕྱི་ལོ་༢༠༠༩ལོར་འགོ་བཙུགས་ཀྱིས་བསྟུན་མར་ལོ་དྲུག་རིང་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་གནང་བ་དེར་བོད་དོན་རྒྱབ་སྐྱོར་བ་དང་། ལྷག་པར་གྲོས་ཚོགས་ཀྱི་འཐུས་མི་ཚོས་ཧ་ཅང་གི་ཐུགས་སྣང་ཆེན་པོ་གནང་བཞིན་ཡོད་པ་རེད།

གསར་འགོད་པ་དབྱངས་སྒྲོན།


 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org