ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ནིའུ་ཡོག་ཏུ་ཆེད་ཕེབས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་ཡོད་པ།
ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༨ ཚེས་ ༢༢ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་དང་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཨཱ་ཛ་ར་ཛེ་ཡཱ་ (Uzra Zeya) མཆོག་ནིའུ་ཡོག་ཏུ་ཆེད་ཕེབས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་ཡོད་ཅིང་། ཁོང་དང་ལྷན་དུ་ཨ་མི་རི་ཀའི་ཕོ་བྲང་དཀར་པོ་ནས་ཨ་རིའི་སྲིད་འཛིན་གྱི་དམིགས་བསལ་ཕྱག་རོགས་དང་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ངེས་སྟོན་པ་བགྲེས་པ་ཁེ་ལི་རཱ་ཛུ་ཁ་ (Kelly Razzouk) ལྷན་བཅར་ཞུས་ཡོད་འདུག
- 2024-08-22
-
-
-
ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༨ ཚེས་ ༢༡ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་དང་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཨཱ་ཛ་ར་ཛེ་ཡཱ་ (Uzra Zeya) མཆོག་ནིའུ་ཡོག་ཏུ་ཆེད་ཕེབས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་ཡོད་ཅིང་། ཁོང་དང་ལྷན་དུ་ཨ་མི་རི་ཀའི་ཕོ་བྲང་དཀར་པོ་ནས་ཨ་རིའི་སྲིད་འཛིན་གྱི་དམིགས་བསལ་ཕྱག་རོགས་དང་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ངེས་སྟོན་པ་བགྲེས་པ་ཁེ་ལི་རཱ་ཛུ་ཁ་ (Kelly Razzouk) ལྷན་བཅར་ཞུས་ཡོད་འདུག
༧གོང་ས་མཆོག་དང་མཇལ་མོལ་གནང་སྐབས་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ནས་སྲིད་འཛིན་ཇོ་བྷའེ་ཌན་ (President Joe Biden) གྱི་ཚབ་ཞུས་ཏེ་༧གོང་ས་མཆོག་སྐུ་ཁམས་གསལ་ཐང་གི་འཚམས་འདྲི་ཞུས་པ་མ་ཟད། ཨ་རིའི་ཕྱོགས་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཡོང་རྒྱུའི་ཐད་སྐུལ་དེད་གནང་རྒྱུ་བསྐྱར་དུ་ནན་བརྗོད་གནང་པ་དང་། ད་དུང་ཐུན་མོང་མ་ཡིན་པའི་བོད་ཀྱི་ལོ་རྒྱུས་དང་སྐད་ཡིག རིག་གཞུང་། ཆོས་ལུགས་ཐད་སྲུང་སྐྱོབ་གནང་རྒྱུར་རྒྱབ་སྐྱོར་འབད་བརྩོན་གནང་རྒྱུ་ཡིན་པ་གསུངས་འདུག
ཡང་༧གོང་ས་མཆོག་གིས་འཚེ་བ་མེད་པའི་བྱམས་བརྩེའི་གཞན་ཕན་གྱི་བྱ་གཞག་ཐོག་ལེགས་སྐྱེས་ཕུལ་གནང་བར་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ནས་དགའ་བསུ་ཞུས་གནང་འདུག་ལ། དེ་དང་དུས་མཚུངས་༧གོང་ས་མཆོག་དང་ལྷན་དུ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བའི་དཀའ་ངལ་སེལ་ཆེད་མུ་མཐུད་འབད་བརྩོན་གནང་རྒྱུ་དང་། དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་། དེ་བཞིན་གང་ཉིད་ཀྱི་སྐུ་ཚབ་ལྷན་དུ་བཀའ་མོལ་བསྐྱར་གསོ་ཡོང་རྒྱུར་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་བཀའ་མོལ་བྱུང་སྐོར་གསུངས་འདུག
Honored to meet with His Holiness the @DalaiLama, a global figure for compassion and nonviolence. I conveyed greetings from @POTUS, wishing a smooth recovery and reaffirming the United States’ unwavering support for the Tibetan community.
— Under Secretary Uzra Zeya (@UnderSecStateJ) August 21, 2024
Read more here: https://t.co/IKOM7b7xxE pic.twitter.com/n3XxEBCm9g
གོང་ཞུས་ཨ་རིའི་དམིགས་བསལ་བོད་དོན་འབྲེལ་མཐུད་པ་དང་ཕོ་བྲང་དཀར་པོའི་དཔོན་རིགས་སོགས་༧གོང་ས་མཆོག་ལ་མཇལ་འཕྲད་དུ་ཕེབས་ཡོད་པར་། རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་ཅིང་།རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མའོ་ཉིང་གིས་རེས་གཟའ་ཕུར་བུའི་ཉིན་“རྒྱ་ནག་གིས་རྒྱལ་ཁབ་གང་རུང་ཞིག་གིས་ཏཱ་ལའི་བླ་མ་ཡུལ་གྲུ་གང་འདྲ་ཞིག་ནང་ཕེབས་བཅུག་པར་ངོ་རྒོལ་ཤུགས་ཆེན་བྱེད་ཀྱི་ཡོད་ལ་ཨ་རིས་ད་རེས་ཏཱ་ལའི་བླ་མ་ཨ་རིའི་ནང་ཕེབས་བཅུག་ནས་ཨ་རིའི་དཔོན་རིགས་ཁག་ཅིག་དང་ཐུག་འཕྲད་བྱས་པར་ཡང་ངོ་རྒོལ་བྱེད་ཀྱི་ཡོད་། བོད་ཀྱི་གནད་དོན་ཐད་དམིགས་བསལ་འབྲེལ་མཐུད་པ་ཟེར་བ་ཞིག་བསྐོ་བཞག་བྱས་ཡོད་པ་དེ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་པ་ཞིག་རེད་ཅེས་བརྗོད་ཡོད་འདུག དེ་དང་འབྲེལ་ཨ་རིའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཀྱང་གོང་ཞུས་གནད་དོན་ཐད་འདི་ག་རླུང་འཕྲིན་ཁང་དུ་ཡིག་ཐོག་ལན་འདེབས་བྱས་པའི་ནང་ལ་ཡང་།
གོང་ཞུས་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་གསར་འགོད་ལྷན་ཚོགས་ཐོག་བཤད་ཡོད་པ་བསྐྱར་བཤད་ཀྱིས་རྒྱ་ནག་གིས་ཆབ་སྲིད་མི་སྣ་སུ་འདྲ་ཞིག་གིས་རྣམ་པ་གང་འདྲ་ཞིག་གི་ཐོག་ནས་ཏཱ་ལའི་བླ་མ་དང་མཇལ་འཕྲད་བྱ་རྒྱུར་ངོ་རྒོལ་ཡོད་ལུགས་དང་། གནད་དོན་དེའི་ཐད་རྒྱ་ནག་གཞུང་གིས་ཨ་རི་གཞུང་ལ་ངོ་རྒོལ་གྱི་རྣམ་འགྱུར་གསལ་པོ་བསྟན་ཡོད་ལུགས་བརྗོད་འདུག
ཨ་རིའི་ནིའུ་ཡོག་ཏུ་བྱང་ཨ་རིའི་བོད་མི་དང་། སོག་རིགས། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་མང་གིས་ཕྱི་ཟླ་ ༨ ཚེས་ ༢༢ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་གྲ་སྒྲིག་ལེགས་གྲུབ་བྱུང་ཡོད་ཅིང་། དད་ལྡན་མང་ཚོགས་ཀྱིས་ངང་སྒུག་ཞུ་བཞིན་ཡོད་པ་མ་ཟད། ༧གོང་ས་༧སྐྱབས་མགོན་ཆེན་པོའི་མཛད་རིམ་འདིའི་ཆེད་འཛིན་བྱང་བགོས་འགྲེམས་གནང་སྐབས་ཚང་ཁ་ཤིག་ཤིག་བྱུང་སྟེ་བརྟན་བཞུགས་ལ་བཅར་མཁན་མང་པོ་ཞིག་ལ་འཛིན་བྱང་མི་ཐོབ་པའི་གནས་ཚུལ་བྱུང་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཨ་རིའི་ནིའུ་ཡོག་ཏུ་བརྟན་བཞུགས་ཀྱི་མཛད་རིམ་བསྒྲུབས་རྗེས་ཕྱི་ཚེས་ ༢༣ ཉིན་སུད་སིར་༧ཆིབས་ཞལ་བསྒྱུར་གནང་སྟེ་རིམ་བཞིན་རྒྱ་གར་ཕྱོགས་སུ་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་རེད།
ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༢༨ ཉིན་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་རྗེས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནིའུ་ཡོག་མངའ་སྡེའི་བྱང་ཕྱོགས་སའེ་ར་ཁྱུ་སི་ (Syracuse) ས་གནས་ཀྱི་ཎ་པི་གཞིས་ཀར་ (Nappi Farmhouse) བདུན་ཕྲག་དྲུག་རིང་སྐུ་ངལ་གསོ་བཞུགས་མཛད་ཡོད་པ་དང་། དེའི་རིང་འབྲེལ་ཡོད་རྣམ་པས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་ཞབས་ཞུ་ལྷོད་མེད་ཞུས་ཡོད་པ་མ་ཟད། ཞབས་པུས་སྙུང་གཞི་མྱུར་དུ་དྭངས་སྐྱེད་ཕེབས་པའི་ཆེད་ལུས་རྩལ་སྨན་པ་རྣམས་དང་ལྷན་དུ་ཐུགས་བརྩོན་ཆེན་པོས་སྦྱོང་བརྡར་མཛད་ཡོད་པ་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་ཕྱི་ཚེས་ ༢༠ ཉིན་གསལ་བསྒྲགས་བསྐྱངས་གནང་འདུག
གསར་འགོད་པ། སྒྲོལ་དཀར། ནོར་སྡེ་སྒྲོལ་མ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་པདྨ།