༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བརྟན་བཞུགས་སྐབས། བོད་རྒྱ་ཆེ་མི་མང་གི་རེ་འདུན་སྒྲུབ་ཕྱིར་དགུང་ལོ་བརྒྱ་ཕྲག་འཚོ་བཞུགས་གནང་རྒྱུ་ཡིན་པ་ཞལ་བཞེས་གནང་སོང་།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་ནིའུ་ཡོག་ཏུ་མི་གྲངས་ ༡༧༠༠༠ ལྷག་གིས་བརྟན་བཞུགས་བསྟར་འབུལ་སྐབས། བོད་རྒྱ་ཆེ་མི་མང་གིས་རེ་འདུན་བསྒྲུབ་སླད་༧གོང་ས་མཆོག་ལོ་བརྒྱ་ཕྲག་སྐུ་འཚོ་བཞུགས་གནང་རྒྱུ་ཡིན་པའི་ཞལ་བཞེས་གནང་སོང་།

RFA Tibetan

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་བྱང་ཨ་རིའི་བོད་མི་དང་། སོག་པོའི་མི་མང་། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་མང་གིས་ཕྱི་ཟླ་ ༨ ཚེས་ ༢༢ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་ UBS Arena ཞེས་པའི་ཚོགས་ཁང་དུ་ཨ་མི་རི་ཀའི་མངའ་སྡེ་ ༣༠ ཙམ་དང་ཁེ་ན་ཌ་བཅས་ནས་མི་གྲངས་ ༡༧༠༠༠ ཆིག་ཁྲི་བདུན་སྟོང་ལྷག་འདུ་འཛོམས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུས་སྐབས།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱ་ཆེ་མི་མང་གི་རེ་འདུན་ཡོད་པ་རྣམས་བསྒྲུབ་ཐུབ་པ་གནང་རྒྱུ་དང་།  ༧གང་ཉིད་ཀྱི་གཟིམས་ལམ་དུ་དཔལ་ལྡན་ལྷ་མོ་ཕེབས་ནས་ལོ་བརྒྱ་དང་སུམ་ཅུ་སོ་གྲངས་ཤིག་འཚོ་གི་རེད་ཅེས་གསུངས་མྱོང་ཡོད་པ་བཀའ་གནང་སོང་ལ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད། ཆོས་ལུགས་མཐུན་སྒྲིལ་དང་།  ནང་ཆོས་ཀྱི་གཞན་ཕན་སྒྲུབ་ཀྱི་ཡོད་པས།  ཚང་མས་དེ་དོན་ཧུར་ཐག་བྱེད་དགོས་པའི་སྐོར་བཀའ་སློབ་སྩལ་གནང་མཛད་སོང་།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས།  དད་དམ་གཡོ་བ་མེད་པའི་ཐོག་ནས་དངོས་སུ་བརྟན་བཞུགས་ཆེད་བཅར་བར་ཐུགས་རྗེ་ཆེ་ཞེས་བཀའ་གནང་ཞིང་། དེ་རིང་འདིར་བོད་ཆོལ་ཁ་གསུམ་གྱི་མི་མང་དང་ཕྱི་ནང་གི་དད་ལྡན་པ་རྣམས་ཡུལ་ལུང་འདྲ་མིན་ནས་བཅར་ཏེ།  དེའི་ནང་ཆོལ་ཁ་གསུམ་གྱི་བོད་མི་གང་ལྟར་བོད་རིགས་ས་ཁུལ་ཡོངས་རྫོགས་ནས་མི་སྣ་དེ་དག་འཛོམས་པ་དེ་རྒྱུ་དངོས་པོའི་ཐོག་ནས་འཛོམས་པ་ཞིག་མ་ཡིན་པར། དེ་ནི་ཚང་ནས་སེམས་ལ་ང་ཚོ་བོད་རིགས་ཞིག་ཡིན་པའི་བསམ་ཚུལ་འདིའི་ཐོག་ནས་ང་ཚོ་ཚང་མ་འདིར་རྡོག་ལ་སྒྲིལ་ནས་ཡོང་བ་ཞིག་རེད།  བོད་པ་ཙམ་མ་ཡིན་པར་བོད་པའི་ཆོས་དང་རིག་གཞུང་ལ་ཤེས་ནས་དད་པ་སྐྱེས་མཁན་གྱི་གྲོགས་པོ་མང་པོ་ཞིག་ཀྱང་དེ་རིང་འདིར་འཛོམས་ཡོད་པ་རེད་ཅེས་དང་། བོད་པ་ཚོ་ལ་ཡོད་པའི་རིག་གཞུང་དེ་འཛམ་བུ་གླིང་སྤྱི་ལ་མཁོ་བའི་རིག་གཞུང་ཞིག་ཆགས་བསྡད་ཡོད་པར་ངོས་འཛིན་བྱས་པ་ཞིག་ཡིན་པ་བཀའ་གནང་སོང་ལ། ཚང་མས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་ཚེ་ཡུན་རིང་བརྟན་པའི་ཆེད་སྨོན་ལམ་རྒྱག་གི་ཡོད་པ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་ཐུགས་སྨོན་མཛད་རྒྱུ་ཡིན་ཞེས་བཀའ་བཞེས་བཟང་པོ་ཐོབ་ཡོད་པ་རེད། 

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་།  འཛམ་གླིང་ནང་དུ་ཆོས་ལུགས་སྣ་མང་ཡོད་པས་ཕན་ཚུན་ཐུགས་མཐུན་ཁྲིམས་གཙང་དགོས་པ་གལ་ཆེ་ཡིན་པ་བཀའ་གནང་ཞིང་།  ནང་ཆོས་ལའང་དེང་སྐབས་ཚན་རིག་པ་ཚོས་ངོས་ནས་ཡིད་འཕྲོག་རྒྱུ་ཞིག་ཡོང་གི་ཡོད་པ་དང་།  ཆོས་ལ་དད་པ་མེད་མཁན་ཚོས་ཡིན་ཡང་ནང་པས་སེམས་ཁམས་རིག་པ་དང་འབྲེལ་ནས་འགྲེལ་བཤད་བྱས་སྐབས།   མ་རེད་ཟེར་རྒྱུ་མེད་པར་དོ་སྣང་ཡོང་གི་ཡོད་པས།  སྤྱིར་ཆོས་ལུགས་ཚང་མར་གུས་ཞབས་དགོས་པ་དང་།  ཡང་སྒོས་སངས་རྒྱས་པའི་ཆོས་ལ་སྒོ་གསུམ་ཞི་ཞིང་དུལ་བ་ཞིག་ཡོང་རྒྱུ།  འཛམ་གླིང་གི་ཞི་བདེ་ཟེར་ཡག་དེ་ཡང་སངས་རྒྱས་པའི་ཆོས་ཀྱི་བསླབ་བྱར་སོ་སོས་ཀྱང་ཉམས་སུ་ལེན།  གཞན་ལའང་སྐུལ་མ་བྱས་ཏེ་དོན་དམ་གྱི་འཛམ་གླིང་ཞི་བདེ་ཡོང་བའི་གཞི་དང་འབྲེལ་ཡོད་པས་འདིའི་ཐོག་ནས་ཚང་མས་ཧུར་ཐག་གནང་དགོས་པ་རེད་ཅེས་བཀའ་སློབ་སྩལ་གནང་མཛད་སོང་། 

དེ་རིང་བརྟན་བཞུགས་ཀྱི་སྐབས་སུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སེམས་སྐྱེད་ཀྱི་ཆོས་འབྲེལ་སྩལ་གནང་ཡོད་ཅིང་།  མཇུག་ཏུ་ས་གནས་ནིའུ་ཡོག་དང་ནིའུ་འཇར་སི་ཁུལ་ནས་ལྷ་མོ་ཚོགས་པ་དང་ཟློས་གར་གྱི་ཚོགས་མི་ཟུར་པ་ཚོས་རྟེན་འབྲེལ་གྱི་རྣམ་ཐར་ཕུལ་བ་སོགས་གར་གྱི་མཆོད་པ་ཡང་ཕུལ་གནང་པ་བྱུང་སོང་།
བརྟན་བཞུགས་སྐབས་ཨ་རིའི་མངའ་སྡེ་ ༣༠ ཙམ་དང་ཁེ་ན་ཌ་བཅས་ནས་བོད་མི་ཁྲི་ཚོ་བརྒལ་བ་འདུ་འཛོམས་བྱུང་ཡོད་ཅིང་།  དེའི་ཁོངས་ནས་སྦོསི་ཊོན་ནས་ཨ་མ་ཚེ་དབང་རྣམ་གྲོལ་ལགས་སུ་བཅར་འདྲི་ཞུས་སྐབས།  དེ་རིང་འདིར་༧གོང་ས་༧སྐྱབས་མགོན་ཡིད་བཞིན་ནོར་བུ་སྐུ་ཁམས་དགྱེས་པོ་བྱེད་དེ་མཇལ་རྒྱུ་བྱུང་པ་དང་།  བརྟན་བཞུགས་ཕུལ་རྒྱུ་བྱུང་པ་མ་ཟད།  འདིར་བོད་པ་ཙམ་མིན་པར་འཛམ་གླིང་མི་རིགས་མང་པོ་འདུ་འཛོམས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གང་མིན་ཚད་བྱིན་རླབས་ཆེན་པོ་གནང་བྱུང་། ང་ཚོ་སྤྱིར་མི་རིགས་དབྱེར་མེད་ཐོག་ནས་ནང་པའི་ཆོས་འདི་དོན་རྟོགས་པའི་ཐོག་ནས་འབད་བརྩོན་བྱེད་དགོས་པ་བཀའ་སློབ་གནང་བྱུང་།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་ཚེ་ཡུན་རིང་བརྟན་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་སོང་།  དཔེ་དགའ་པོ་བྱུང་ལ་སྐལ་བ་བཟང་པོ་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།

ཨ་རིའི་ཨོ་རི་གྷོན་མངའ་སྡེའི་པོརཊི་ལེནཌི་ནས་ཕེབས་པའི་རྒྱལ་ནོར་མིག་དམར་ལགས་ཀྱིས། དེ་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ནས་ང་ཚོ་བོད་མི་ཚོར་དཔེ་སྐལ་པ་བཟང་པོ་བྱུང་།  ང་ཚོ་ཚང་མ་མྱུར་དུ་ལྷ་སར་འཛོམ་རྒྱུ་བྱུང་པའི་སྨོན་ལམ་ཡོད།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་བར་བརྟན་པར་ཤོག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ལྡན་ལྷ་མོས་ལོ་ ༡༣༥ ལྷག་བཞུགས་ཀྱི་རེད་གསུངས་པ་འདི་ཐོས་དུས་ཤིན་ཏུ་དགའ་ཚོར་ཆེན་པོ་བྱུང་། ང་ཚོ་བོད་མི་ཚང་མར་རང་བཙན་ཐོབ་ནས་ལྷ་སར་མཇལ་བའི་རེ་བ་དང་སྨོན་ལམ་ཡོད་ཅེས་གསུངས་བྱུང་།  

ཁེ་ན་ཌ་ཊོ་རོན་ཊོ་ནས་ཕེབས་པའི་ཨ་ཅག་ལགས་ཤིག་གིས།  དེ་རིང་ཧ་ཅང་སྐལ་བ་བཟང་པོ་བྱུང་། དཔེ་སྐྱིད་པོ་བྱུང་། ང་ཚོ་ཊོ་རོན་ཊོ་ནས་སྤྱི་སྤྱོད་རླངས་འཁོར་ཆེ་བ་ལྔ་གྲ་སྒྲིག་བྱས་འདུག  ང་རང་སྒེར་འཁོར་བཏང་ནས་ཡོང་པ་ཡིན་ཞེས་གསུངས་བྱུང་། 

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་གྱི་མཛད་རིམ་འདིའི་ཆེད་འཛིན་བྱང་བགོས་འགྲེམས་གནང་སྐབས་ཚང་ཁ་ཤིག་ཤིག་བྱུང་སྟེ་མི་མང་པོ་ཞིག་ལ་འཛིན་བྱང་མི་ཐོབ་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་དང་།  ས་གནས་འགྲུལ་སྐྱེལ་གྱི་མཐུན་རྐྱེན་ཆ་ནས་བརྟན་བཞུགས་བསྟར་འབུལ་ཞུ་ཡུལ་གྱི་ཚོགས་ཁང་ཉེ་འཁྲིས་ UBS-Arena and Elmont ས་ཁུལ་བཅས་སུ་རི་ལི་ ༢༡ གིས་བབ་ཚུགས་དེར་བཀག་ནས་འགྲུལ་སྐྱེལ་གྱི་ཞབས་ཞུ་འཕར་མ་ཞུས་ཡོད་པ་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཨ་རིའི་ནིའུ་ཡོག་ཏུ་བརྟན་བཞུགས་ཀྱི་མཛད་རིམ་བསྒྲུབས་རྗེས་ཕྱི་ཚེས་ ༢༣ ཉིན་སུད་སིར་༧ཆིབས་ཞལ་བསྒྱུར་གནང་སྟེ་རིམ་བཞིན་རྒྱ་གར་ཕྱོགས་སུ་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་རེད།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༢༨ ཉིན་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་རྗེས་ནིའུ་ཡོག་མངའ་སྡེའི་བྱང་ཕྱོགས་སའེ་ར་ཁྱུ་སི་ (Syracuse) ས་གནས་ཀྱི་ནེ་པི་གཞིས་ཀར་ (Nappi Farmhouse) བདུན་ཕྲག་དྲུག་རིང་སྐུ་ངལ་གསོ་བཞུགས་མཛད་ཡོད་པ་དང་། དེའི་རིང་འབྲེལ་ཡོད་རྣམ་པས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་ཞབས་ཞུ་ལྷོད་མེད་ཞུས་ཡོད་པ་མ་ཟད། ཞབས་པུས་སྙུང་གཞི་མྱུར་དུ་དྭངས་སྐྱེད་ཕེབས་པའི་ཆེད་ལུས་རྩལ་སྨན་པ་རྣམས་དང་ལྷན་དུ་ཐུགས་བརྩོན་ཆེན་པོས་སྦྱོང་བརྡར་མཛད་ཡོད་པ་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་ཕྱི་ཚེས་ ༢༠ ཉིན་གསལ་བསྒྲགས་བསྐྱངས་གནང་འདུག 

གསར་འགོད་པ།  མཁའ་འགྲོ་གཡང་འཛོམས།  སྒྲོལ་དཀར།  ནོར་སྡེ་སྒྲོལ་མ། ཇོ་ལེབ་ཆོས་འཕེལ།
རྩོམ་སྒྲིག་པ།  བཀྲིས་དབང་ཕྱུག བསྟན་འཛིན་པདྨ།
དྲྭ་ཐོག་རྩོམ་སྒྲིག་པ།  བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་པདྨ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org