ཨི་རན་ཐོག་གྲོས་མོལ་ཉིན་གསུམ་པ།
སུད་སིའི་ནང་རྒྱལ་ཁབ་ཁག་གི་ཕྱི་སྲིད་བློན་ཆེན་རྣམ་པས་ཨི་རན་ཐོག་གྲོས་མོལ་གནང་བཞིན་ཡོད་པའི་གནས་ཚུལ།
༄༅༎སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་གཟའ་སྤེན་པའི་ཉིན་ཨི་རན་གྱི་རྡུལ་ཕྲན་གོ་མཚོན་བཟོ་སྐྲུན་གྱི་ལས་དོན་མཚམས་འཇོག་ཡོང་རྒྱུའི་ཆེད། ཨི་རན་དང་ནུབ་ཕྱོགས་ཡུལ་གྲུ་ལྔའི་དབར་ཉིན་གཉིས་རིང་གྲོས་མོལ་བྱས་ནས་དེ་རིང་ཉིན་གྲངས་གསུམ་པ་འདི་ཡིན་པ་དང་། འདས་པའི་ཉིན་གཉིས་རིང་ཨ་རི་དང་། དབྱིན་ཇི། ཕ་རན་སི། འཇར་མ་ནི་བཅས་ཀྱི་ཕྱི་སྲིད་དཔོན་རིགས་དང་། ཨི་རན་གྱི་དཔོན་རིགས་དབར་གྲོས་མོལ་བརྒྱུད་ནས་གནད་དོན་མང་པོ་ཞིག་ལ་ཐག་གཅོད་ཡོང་རྒྱུར་བཟང་ཕྱོགས་ཀྱི་རྣམ་པ་ཡོད་ཀྱང་། ད་དུང་ཡང་ལས་དོན་མང་པོ་ཞིག་བསྒྲུབ་དགོས་ཀྱི་ཡོད་པ་དང་། ལྷན་ཚོགས་དེའི་ཐོག་ར་ཤི་ཡའི་ཕྱི་སྲིད་བློན་ཆེན་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡང་མཉམ་ཞུགས་གནང་རྒྱུ་ཡིན་འདུག
གོང་གི་ལྷན་ཚོགས་སུ་མཉམ་ཞུགས་གནང་མཁན་ཡུལ་གྲུའི་སྐུ་ཚབ་རྣམ་པས་གྲོས་མོལ་ཉིན་གྲངས་གཉིས་རིང་བྱུང་བའི་བཟང་ཕྱོགས་ཀྱི་རྣམ་པ་དེ་བརྒྱུད་ནས། ཡུལ་གྲུ་དེ་དག་གི་དབར་མུ་མཐུད་གྲོས་མོལ་གནང་སྟེ། འདས་པའི་ལོ་ངོ་བཅུ་གྲངས་རིང་གནས་པའི་ཨི་རན་གྱི་རྡུལ་ཕྲན་གོ་མཚོན་བཟོ་སྐྲུན་ལས་གཞིའི་རྩོད་རྙོག་དེ་བཞིན་སེལ་ཐུབ་པའི་གྲོས་མཐུན་ཡོང་རྒྱུར་ཕྱོགས་ཚང་མས་འབད་བརྩོན་དང་རེ་བ་གནང་བཞིན་ཡོད་པ་རེད།
གསར་འགྱུར་བརྒྱུད་ལམ་ཁག་གི་གནས་ཚུལ་སྤེལ་བ་ལྟར་ན། ཨི་རན་གྱི་རྡུལ་ཕྲན་གོ་མཚོན་བཟོ་སྐྲུན་ལས་གཞི་མཚམས་འཇོག་གི་གྲོས་གཞི་དེའི་ནང་། ཨི་རན་གཞུང་གིས་རྡུལ་ཕྲན་གྱི་གོ་མཚོན་བཟོ་སྐྲུན་ལས་གཞིའི་ཚད་གཞི་ཆུང་དུ་གཏོང་ནས། རྡུལ་ཕྲན་གྱི་གོ་མཚོན་བཟོ་ཐུབ་པའི་རྡུལ་ཕྲ་རབ་ཀྱི་ཉིང་ཁུ་བཏོན་རྒྱུ་མཚམས་འཇོག་དགོས་པ་སོགས་ཀྱི་ནང་དོན་འཁོད་ཡོད་པ་རེད༎