ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཐད་ཀྱི་ཆེས་མཐོའི་ལྷན་ཚོགས་ཀྱི་སྙན་ཐོའི་ནང་བོད་ནང་གི་གནས་སྟངས་ཁ་གསལ་བཏོན་འདུག
རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་ངོ་བོ་དང་བཅས་བ་རྩ་མེད་དུ་གཏོང་ཐབས་ཀྱི་སྲིད་ཇུས་སྤེལ་བཞིན་པ་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཐད་ཀྱི་ཆེས་མཐོའི་ལྷན་ཚོགས་ཀྱི་སྙན་ཐོའི་ནང་ཐེར་འདོན་གནང་འདུག
- 2024-05-11
-
-
-
Your browser doesn’t support HTML5 audio
ཨ་མི་རི་ཀའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཐད་ཀྱི་ཆེས་མཐོའི་ལྷན་ཚོགས་ཀྱིས་འདི་ཟླའི་ཚེས་༡༠་ཉིན་ཕྱི་ལོ་༢༠༢༣་ལོའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་རྟོག་ཞིབ་གནང་པའི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་དང་གཏོང་མུས་ཡིན་པ་མ་ཟད། བོད་མིའི་ཆོས་དང་རིག་གཞུང་། བོད་མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་བཟོ་རྒྱུའི་སྲིད་ཇུས་འཛིན་པའི་སྐོར་སོགས་བཀོད་གནང་འདུག
དེ་ཡང་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཐད་ཀྱི་ཆེས་མཐོའི་ལྷན་ཚོགས་(CECC)་ཞེས་པས་སྙན་ཐོ་ཤོག་གྲངས་༣༦༠་བྱས་པ་ཞིག་འདོན་སྤེལ་གནང་བའི་ནང་། ཤོག་གྲངས་༢༨༣་ནས་༢༩༣་བར་བོད་ནང་གི་གནས་སྟངས་དང་འབྲེལ་བའི་སྐོར་བཀོད་པའི་ནང་། ཕྱི་ལོ་ ༢༠༡༠ནས་བཟུང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུ་ཚབ་རྣམ་པ་དང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱི་བར་འབྲེལ་མོལ་ཐེངས་༩གནང་བའི་རྗེས་སུ། རྒྱ་ནག་གཞུང་གི་ངོས་ནས་འབྲེལ་མོལ་བསྐྱར་གསོ་བྱེད་རྒྱུར་དོ་སྣང་གང་ཡང་བྱེད་མེད་སྐོར་དང་། རྒྱ་གཞུང་གིས་བོད་མིའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་གི་ཐོག་དམ་དྲག་དང་སྟངས་འཛིན་དོ་དམ་བྱེད་མུས་ཡིན་པ་སྤྱི་དང་། ལྷག་དོན་ཆོས་ཕྱོགས་ཀྱི་དུས་ཆེན་ཁག་དང་ཆབ་སྲིད་ཀྱི་ཚོར་བ་རྣོ་བའི་དུས་དྲན་ཁག་གི་སྐབས་དགོན་པ་དང་ལྷ་ཁང་སོགས་སུ་བོད་མི་རྣམས་ཆོས་མཇལ་སོགས་ལ་བཅར་རྒྱུར་དམ་དྲག་བཀག་སྡོམ་བྱེད་བཞིན་པ། རྒྱ་ནག་གཞུང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་༧སྐུའི་ཡང་སྲིད་གཙོས་པའི་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ནང་ཐེ་བྱུས་བྱེད་མུས་ཡིན་པ། ཡང་ཕྱི་ལོ་༢༠༢༣ ལོར་བོད་ནང་བོད་མི་རང་ལུས་མེར་བསྲེགས་གནང་བའི་གནས་ཚུལ་མཁྱེན་རྟོགས་བྱུང་མེད་ཅིང་། རྒྱ་ནག་གཞུང་གིས་དེ་སྔོན་བོད་མི་རང་ལུས་མེར་བསྲེགས་གཏོང་མཁན་ཚོའི་ནང་མི་སྤུན་མཆེད་རྣམས་ལ་བརྙས་བཅོས་དང་བསུན་གཙེར་བཟོ་མུས་ཡིན་པ། སྔ་ལོ་ནས་བཟུང་རྒྱ་ནག་གི་ཉེན་རྟོག་པ་ཚོས་བོད་རང་སྐྱོང་ལྗོངས་ཟེར་བ་དང་། རྒྱ་ནག་གིས་བཅད་བགོས་བྱས་པའི་མཚོ་སྔོན་ཞིང་ཆེན་ཟེར་བ་སོགས་སུ་བོད་མིའི་ཁྲག་རིགས་རྒྱུད་རྫས་(DNA)་བསྡུ་རུབ་བྱེད་མུས་ཡིན་པ་དང་། བོད་མིའི་ཁྲག་དང་མིག་རིལ་གྱི་ཕྱིའི་ལྤགས་པ་སྲབ་མོ་ཁག་པར་ལེན་བསྡུ་རུབ་ཀྱིས་བོད་མི་མང་ཚོགས་ཐོག་སྟངས་འཛིན་དོ་དམ་དང་སོ་བལྟ། དེ་བཞིན་བོད་མིའི་ཐོག་དྲག་གནོན་བྱེད་རྒྱུར་བེད་སྤྱོད་བྱེད་ཆེད་དམིགས་ཡོད་པ། ཡང་བོད་མི་རྣམས་ཀྱིས་རང་གི་ཆོས་དད་རང་དབང་སོགས་ལོངས་སུ་སྤྱོད་ཚེ་མི་སྤྱོད་ལས་འདས་པའི་ཉེས་ཆད་བཀེལ་གྱི་ཡོད་པ་དང་། དེའི་ཁོངས་སུ་བོད་ཀྱི་རྩོམ་པ་པོ་དང་ལོ་ཙ་བ་རོང་པོ་གངས་དཀར་ལགས་ཕྱི་ལོ་ ༢༠༢༡ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་རྒྱུའི་སྐོར་ཚོགས་འདུ་ཞིག་ནང་བཀའ་མོལ་གནང་པར་བརྟེན་འཛིན་བཟུང་བཀག་ཉར་བྱས་པ། ཡང་ཐུབ་བསམ་ལགས་ཀྱིས་བོད་ནང་གི་གནས་ཚུལ་ཡོ་རོབ་དང་རྒྱ་གར་སོགས་ལ་བཏང་བ་དང་རྒྱལ་ཁབ་ཀྱི་གསང་བ་ཕྱི་གྱར་བྱས་པ་ཟེར་ཏེ་ཁ་བྲལ་གྱི་ལས་དོན་སྤེལ་བའི་ནག་ཉེས་བཙུགས་ཏེ་ལོ་གཉིས་རིང་བཙོན་འཇུག་བྱས་པ། རྩོམ་པ་པོ་ཟངས་དཀར་འཇམ་དབྱངས་ལགས་ཀྱིས་བོད་ཀྱི་སྐད་ཡིག་དར་འཕེལ་བཏང་བ་ཙམ་ལ་སྡང་ཟུག་གིས་ནག་ཉེས་བཙུགས་ནས་ཕྱི་ལོ་༢༠༢༠ལོར་བཀག་ཉར་བྱས་པའི་རྗེས་སུ་གར་སོང་ཆ་མེད་དུ་གྱུར་བ་དང་། ཕྱི་ལོ་༢༠༢༣ལོར་ཁོང་ལ་ལོ་བཞིའི་རིང་བཙོན་འཇུག་བྱས་པ་གཞི་ནས་ཤེས་རྟོགས་བྱུང་བ་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་བཀོད་འདུག
ཡང་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཐད་ཀྱི་ཆེས་མཐོའི་ལྷན་ཚོགས་ཀྱིས། ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གཉིས་ཀྱི་དཔོན་རིགས་ཚོར་མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་འབྲེལ་གནང་སྟེ་བོད་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་དབུས་པའི་དམིགས་བསལ་ཆེད་ལས་པ་རྣམས་གཟིགས་རྟོག་ཆེད་ཕེབས་ཐུབ་པའི་འབད་བརྩོན་གནང་དགོས་པ་སོགས་ཀྱི་རྒྱབ་གཉེར་ཞུས་འདུག
སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་མི་རིགས་ཀྱི་གཙོས་གྲངས་ཉུང་མི་རིགས་ཀྱི་སྐད་དང་རིག་གཞུང་ཁག་ལ་བརྩི་སྲུང་མེད་པར་རྡོག་རོལ་བཏང་སྟེ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་དང་། ཨ་རིའི་མི་སེར་ཁག་ཅིག་གི་ཐོག་ལའང་རྒྱ་ནག་གིས་སྡང་ཟུག་བྱེད་པའི་རྣམ་པ་སྟེ་བསུན་བརྩེར་བཟོས་པའི་བྱ་སྤྱོད་དང་། དེ་བཞིན་དེང་དུས་འཕྲུལ་རིགས་ཀྱི་ལམ་ནས་གསོ་བལྟ་བྱེད་དེ་དམ་དྲག་བྱེད་པའི་གནས་སྟངས། རྒྱལ་སྤྱིའི་ཐོག་ནས་བློ་འཚབ་བྱེད་མིན་ལ་མ་ལྟོས་པ་ཨུཝི་གུར་མི་རིགས་ཀྱི་ཐོག་དྲག་གནོན་མུ་མཐུད་བྱེད་བཞིན་པ། རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་བཀག་སྡོམ་གྱི་མིང་ཐོག་ནས་ལས་རྩོལ་བ་ཚོས་ཞུ་གཏུག་དང་ལས་འགུལ་སྤེལ་བཞིན་པ་ཁག་ལ་དམ་དྲག་བྱེད་པ། ཕྱོགས་མཚུངས་ཚོང་འབྲེལ་གྱི་གནད་དོན་དང་ཁྲོམ་རྭའི་སྒྲིག་གཞི་དང་འགལ་བའི་བྱ་སྤྱོད་སྤེལ་བ་སོགས་བཀོད་དེ་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཐད་ཀྱི་ཆེས་མཐོའི་ལྷན་ཚོགས་ཀྱིས་ཨུཝི་གུར་བ་དང་། ཨ་རིའི་མི་སེར་ཚོའི་ཐོག་སྡང་ཟུག་བྱེད་རྒྱུ་མཚམས་འཇོག་བྱ་དགོས་པ་སོགས་ཀྱི་ཁྲིམས་ཡིག་གཏན་འབེབས་བྱས་པ་ཁག་ལ་བརྩི་མེད་རྡོག་རོལ་གཏོང་གི་ཡོད་པ་ལུང་འདྲེན་གནང་སྟེ་རྒྱ་ནག་གཞུང་གིས་སྲིད་བྱུས་ཁག་ལ་སྐྱོན་བརྗོད་བྱས་འདུག
རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་རྩ་འཛིན་ལ་བརྩི་སྲུང་མ་བྱས་པར་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་པའི་ཁར། རྒྱ་ནག་དམར་ཤོག་ཚོགས་པས་མི་རིགས་རྩ་མེད་བཟོས་པ་ཐེ་བའི་གདུག་རྩུབ་ཀྱི་བྱ་སྤྱོད་ཡང་ཡང་ལག་བསྟར་བྱེད་ཀྱི་ཡོད་པའི་སྐོར་ཆེས་མཐོའི་ལྷན་ཚོགས་དེའི་ཚོགས་གཙོ་ཀིརིསི་སིམིཐ་ལགས་ཀྱིས་གསུངས་འདུག
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ། རིག་འཛིན་ཆོས་སྒྲོན། སྐལ་བཟང་སྒྲོལ་མ། ཀེ་ཐོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།