བོད་ནང་གི་དྲག་གནོན་སྲིད་ཇུས་ཐད་རྒྱ་ནག་ལ་སྐྱོན་བརྗོད།
རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པར་འགྲོ་བ་མིའི་ཐོབ་ཐང་བལྟ་ཞིབ་ལས་ཁང་གིས་སྐྱོན་བརྗོད་གནང་འདུག
-
2014-01-23 -
-
-
རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པར་འགྲོ་བ་མིའི་ཐོབ་ཐང་བལྟ་ཞིབ་ལས་ཁང་གིས་སྐྱོན་བརྗོད་གནང་འདུག
དེ་ཡང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ལ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་གིས། ཕྱི་ལོ་༢༠༡༣ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་གྱི་སྙན་ཐོ་འདོན་སྤེལ་གནང་བའི་ནང་། རྒྱ་ནག་གཞུང་གིས་འཆར་གཞི་དང་ལྡན་པའི་ཐོག་ནས་ཁ་བྲལ་རིང་ལུགས་འགོག་ཐབས་ཀྱི་མིང་ཐོག་བོད་མིའི་ཆབ་སྲིད་དང་། ཆོས རིག་གཞུང་། དཔལ་འབྱོར། སྤྱི་ཚོགས་རང་དབང་ཐོག་དྲག་གནོན་ཤུགས་ཆེ་བྱེད་ཀྱི་ཡོད་པ་རེད་ཅེས་དང་། དེ་བཞིན་སྙན་ཐོ་དེའི་ནང་ བོད་ནང་བཙན་དབང་གི་ཐོག་ནས་བོད་མི་གང་བྱུང་འཛིན་བཟུང་བྱེད་བཞིན་པ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཡིན་པ་དང་། བཙོན་པར་མནར་སྤྱོད་ཚབས་ཆེ་བཏང་བ་དང་། དྲང་བདེན་གྱི་ཁྲིམས་ཞིབ་མེད་པ་སོགས་བཀོད་འདུག
ཡང་སྙན་ཐོ་དེའི་ནང་བོད་མིའི་འབྲོག་པ་ས་ཡ་འགའ་ཤས་འབྲོག་ས་ནས་གྲོང་གསར་ཞེས་པའི་སྡོད་ཁང་གི་ནང་བཙན་དབང་གིས་གནས་སྤོས་བྱེད་དུ་བཅུག་པའི་ཐད་ལའང་སྐྱོན་བརྗོད་གནང་འདུག དེ་བཞིན་ཤིན་ཅང་སོག་པོ་སོགས་ནང་ལའང་དེ་མཚུངས་བཙན་ཤེད་ཀྱི་གྲངས་ཉུང་མི་རིགས་ཐོག་དྲག་གནོན་གྱི་སྲིད་ཇུས་ལག་བལྟར་བྱེད་ཀྱི་ཡོད་ལུགས་གསུང་འདུག སྔ་ལོའི་ཕྱི་ཟླ་༧ཚེས་༦ཉིན་ཁམས་རྟའུ་ཉ་མཚོ་ཁུལ་དུ་བོད་མི་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་སར་རྒྱ་གཞུང་གི་དམག་མི་ཡོང་ནས་གང་བྱུང་མེ་མདའ་རྒྱབ་ནས་བོད་མི་གཉིས་གསད་པ་དང་། མང་པོར་རྨས་སྐྱོན་ཚབས་ཆེ་བཟོས་པའི་སྡུག་རྩུབ་ཅན་གྱི་བྱ་སྤྱོད་ལ་འགྲོ་བ་མིའི་ཐོབ་ཐང་ཁང་གིས་དམིགས་སུ་བཀར་ནས་སྐྱོན་བརྗོད་གནང་འདུག
ད་དུང་སྙན་ཐོ་དེའི་ནང་རྒྱ་གཞུང་གིས་དྲ་རྒྱ་དང་། གསར་འགོད་པར་དམ་དྲག་དང་། འགྲོ་བ་མིའི་ཐོབ་ཐང་རྡལ་བཤིག་གཏོང་བཞིན་པའི་སྐྱོན་བརྗོད་ཡང་གནང་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།