རྒྱལ་སྤྱིའི་སྙན་ངག་གི་ཉིན་མོར་བོད་ནང་གི་སྙན་ངག་པའི་འབོད་སྐུལ།

རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་པའི་རྩོམ་པ་དེ་དག་ལ་དོན་ངོ་མའི་དོ་འཁུར་དང་རྒྱབ་སྐྱོར་སྔར་ལྷག་གནང་རོགས་ཞེས་རྒྱལ་སྤྱིའི་སྙན་ངག་གི་ཉིན་མོར་འབོད་སྐུལ་གནང་པ།

RFA

ལོ་ལྟར་ཟླ་ ༣ ཚེས་ ༢༡ ཉིན་རྒྱལ་སྤྱིའི་སྙན་ངག་གི་ཉིན་མོ་ཞེས་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། བོད་ནང་གི་སྙན་ངག་པ་དང་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་ནང་གི་སྙན་ངག་པ་དང་བདེན་པའི་གནས་ཚུལ་བཀོད་མཁན་གྱི་རྩོམ་པ་པོ་ཚོར་ནུས་པ་ལྡན་པའི་ཐོག་ནས་དོན་ངོ་མའི་དོ་འཁུར་དང་རྒྱབ་སྐྱོར་སྔར་ལས་ལྷག་པ་བྱེད་དགོས་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་བརྒྱུད་རེ་སྐུལ་གནང་གི་འདུག

རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བཅའ་བཞུགས་བོད་ཀྱི་བེུད་རྩོམ་པ་འོད་ཟེར་ལགས་ཀྱིས། ང་ཚོ་ལྟ་བུ་བཙན་ཤེད་ཀྱི་བཙན་པོའི་རྒྱལ་ཁབ་ཀྱི་དྲག་གནོན་འོག་འཚོ་བ་བསྐྱལ་མཁན་ཚོའི་ངོས་ནས་ཞུས་ན། འབྲི་རྩོམ་བྱེད་མཁན་ཡིན་ན་ཡང་འདྲ། ཡང་ན་དེ་མིན་གྱི་ཆེད་ལས་གང་རུང་ཐོག་ལས་ཀ་བྱེད་མཁན་སུ་ཞིག་ཡིན་རུང་། གཏམ་བརྗོད་རང་དབང་ལ་སོགས་པ་གང་ཡང་མངོན་གྱུར་བྱེད་ཐབས་མེད་ལ། དེ་དག་ཡོང་འདོད་པ་ནི་རྨི་ལམ་རང་རེད། དངོས་ཡོད་བདེན་པའི་གནས་ཚུལ་གང་ཞིག་འཐེར་འདོན་བྱེད་ཐབས་ཀྱི་འབད་བརྩོན་བྱས་ན་ཡང་ཚང་མ་ནུས་མེད་བཟོས་པ་དང་། འགོག་གནོན་བྱས་པ། ཐ་ན་ཉེས་ཆད་ཀྱང་གཏོང་གི་ཡོད། དམ་དྲག་ད་དུང་ཇེ་ཆེར་གཏོང་བཞིན་པ་མ་ཟད། ཞི་འཇམ་གྱི་རྣམ་པ་གང་ཡང་ཐོན་རྒྱུ་མེད་པ་གསལ་སྟོན་གནང་འདུག

བོད་ནང་གི་སྙན་ངག་པ་དང་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་། (འོད་ཟེར།)

ད་དུང་འོད་ཟེར་ལགས་ཀྱིས་མུ་འཐུད། བློ་སྟོབས་ཆེ་བའི་བོད་པའི་རྩོམ་པ་པོ་ཧ་ཅང་མང་པོའི་འགྲོ་བ་མིའི་རང་དབང་ཤོར་ཡོད་པ་དང་།   དེའི་ནང་གི་མི་འགའ་ཤས་ཀྱི་གནས་བབས་རིམ་པས་ཕྱི་ཕྱོགས་ནས་ཤེས་རྟོགས་བྱུང་ཡོད་པ་ཡིན་རུང་། མི་འགའ་ཤས་ཀྱི་གནས་བབས་ཕྱི་ཕྱོགས་ནས་ཤེས་རྟོགས་གང་ཡང་མེད་པར་ལུས་ཡོད་ཅེས་དང་།  དེར་བརྟེན་རྒྱལ་སྤྱིའི་སྤྱི་ཚོགས་ནས་གྲངས་དང་ནུས་པ་གང་ཅིའི་ཐད་བོད་པའི་རྩོམ་པ་དེ་དག་ལ་དོན་ངོ་མའི་དོ་འཁུར་དང་རྒྱབ་སྐྱོར་སྔར་ལྷག་ཡོང་རྒྱུར་ཁོང་གིས་རེ་བ་གནང་གི་ཡོད་ཅེས་གསུངས་བྱུང་།

འོད་ཟེར་ལགས་ཀྱིས། གཏམ་བརྗོད་རང་དབང་བཙན་འཕྲོག་བྱེད་མཁན་གྱི་སྲིད་དབང་འདི་ནི་ཚུལ་དང་མཐུན་པའི་སྲིད་དབང་ཞིག་རྩ་བ་ནས་མིན་པ་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཤེས་རྟོགས་དགོས་ཀྱི་རེད་ཅེས་དང་། བོད་ནང་མཚོན་ན།   རྒྱ་ནག་གཞུང་གིས་གཏམ་བརྗོད་རང་དབང་བཙན་འཕྲོག་བྱས་པའི་དབང་གིས་དངོས་ཡོད་བདེན་པའི་གནས་ཚུལ་ཡིག་ཐོག་ཏུ་བྲིས་མཁན་སྙན་ངག་པ་དང་རྩོམ་པ་པོ་མང་པོ་གར་སོང་ཆ་མེད་དུ་གྱུར་པ་དང་གཞུང་གི་དམ་དྲག་སྟངས་འཛིན་འོག་གནས་པ། ཐ་ན་འཛིན་བཟུང་བཙོན་བཅུག་འོག་ཁྲིམས་ཐག་བཅད་དེ་ཉེས་པ་ཕོག་ཡོད། བོད་མི་དེ་དག་གི་ཁོངས་ནས་ཕྱི་ཕྱོགས་ནས་ཤེས་རྟོགས་བྱུང་པའི་གནས་ཚུལ་ལ་གཞིགས་ན།   ཕྱི་ལོ་༢༠༢༠ལོ་ནས་༢༠༢༣ལོའི་བར་བོད་པའི་སྙན་ངག་པ་དང་རྩོམ་པ་པོ་དགུ་འཛིན་བཟུང་བཙོན་བཅུག་བྱས་ཤིང་། ཁོང་ཚོར་ཁྲིམས་བཅད་ལོ་བཞི་ནས་བཅུ་བར་ཕོག་པ་ཡང་བྱུང་ཡོད་ལ།   ཐ་ན་ཚེ་སྲོག་ཤོར་བ་ཡོང་བའི་ཡིད་སྐྱོའི་གནས་ཚུལ་ཡང་ཐོན་ཡོད་པ་ལུང་འདྲེན་གནང་འདུག 

སྙན་ངག་པ་དང་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་ཁོ་རང་སྒེར་ལ་ཉེ་ཆར་བྱུང་བའི་དོན་རྐྱེན་ཞིག་དང་འབྲེལ་ནས་གསུངས་པར།   གུས་མོའི་ངོས་ནས་ཞུས་ན།   མགྲིན་པ་འགག་བཅུག་པའི་གནོན་ཤུགས་འདི་དེ་བས་ཆེ་རུ་འགྲོ་བཞིན་འདུག   ཉེ་ཆར་གུས་མོས་ཐེ་ཝན་དུ་སྙན་ངག་གི་དེབ་<<ལྷ་སའི་ཉི་འོད་འོག>>ཞེས་པ་འདི་པར་བསྐྲུན་ཞུས་ཤིང་།   དཔེ་སྐྲུན་ཁང་གིས་གུས་མོར་སྙན་ངག་གི་དེབ་བཅུ་བསྐུར་པ་འདི་རྣམས་པེ་ཅིང་གི་འགག་སྒོས་གཞུང་བཞེས་བཏང་ཞིང་།   བཙན་དབང་དང་ཧམ་པ་ཆེན་པོས་གཞུང་བཞེས་བཏང་དོན་གང་ཡིན་སྐོར་རྒྱུ་མཚན་གང་ཡང་འགྲེལ་བཤད་བྱས་མ་བྱུང་ལ། ངའི་ངོས་ནས་རྒྱུ་མཚན་བཤད་ས་གང་ཡང་མི་འདུག་པས།   ཡིད་སྐྱོ་དགོས་པའི་དངོས་ཡོད་གནས་སྟངས་འདིར་ཁས་ལེན་བྱ་རྒྱུ་ལས་གཞན་བྱ་ཐབས་མི་འདུག་ཅེས་གསུངས་བྱུང་།

སྒྲིག་བཟོ། ནོར་སྒྲོན། / Graphics: Nordon

ཨ་རིའི་ PEN རྩོམ་པ་པོ་མཐུན་ཚོགས་ཀྱི་ཉམས་ཞིབ་འགན་འཛིན་འཇེམསི་ཊེ་གྷར་ (James Tager) ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ།   བོད་ཀྱི་རིག་གཞུང་དང་འབྲེལ་བའི་བརྗོད་གཞིར་རྒྱ་ནག་དམར་ཤོག་གཞུང་གིས་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་སྟབས། བོད་མིས་སྙན་ངག་གསར་རྩོམ་བྱས་པ་ནི་རྩོམ་རིག་གི་ལམ་ནས་བསམ་ཚུལ་བཏོན་པ་ཙམ་མ་ཡིན་པར་སྙིང་སྟོབས་ལྡན་པའི་བྱ་སྤྱོད་ཅིག་ཆགས་ཀྱི་ཡོད།  བོད་པའི་རྩོམ་པ་པོ་ཞོགས་ལྗང་དང་དཀོན་མཆོག་ཚེ་འཕེལ་སོགས་ཀྱི་རྩོམ་ཡིག་ལ་རྒྱ་ནག་གཞུང་གིས་སྡང་ཟུག་བྱེད་བཞིན་པ་དེ་དག་གི་གནས་བབས་ཐད་ཨ་རིའི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་འདས་པའི་ལོ་མང་རིང་གནས་ཚུལ་ཁྱབ་སྤེལ་དང་དོ་འཁུར།  རྒྱབ་སྐྱོར་བྱས་ཡོད་ཅེས་དང་།   བོད་ཀྱི་རྩོམ་པ་པོ་དང་སྙན་ངག་པས་རྒྱ་ནག་གཞུང་ཕྱོགས་ཀྱི་དྲག་གནོན་ལ་མ་བལྟོས་པར་རང་ཉིད་སེམས་གཏིང་གི་མྱོང་ཚོར་མུ་མཐུད་ངོ་སྤྲོད་བྱས་པ་དིའི་ཐོག་ནས་ཁོང་ཚོའི་བློ་སྟོབས་དང་བཟོད་སྒོམ་བྱེད་པ་མངོན་ཐུབ་ཀྱི་ཡོད་པ་གསུངས་བྱུང་ལ།  ད་དུང་འཇེམསི་ཊེ་གྷར་ (James Tager) ལགས་ཀྱིས་བོད་མི་རྩོམ་པ་དེ་དག་གིས་སྤྱི་ཚོགས་ནང་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་གོང་འཕེལ་གཏོང་རྒྱུར་གནད་འགག་ཆེ་བའི་ལས་འགན་ཞིག་བླངས་ཡོད་པར་ངོས་འཛིན་གནང་གི་འདུག 

སྒྲིག་བཟོ། ནོར་སྒྲོན། / Graphics: Nordon

ད་དུང་ཨ་རིའི་PEN རྩོམ་པ་པོའི་མཐུན་ཚོགས་ཀྱི་ཉམས་ཞིབ་འགན་འཛིན་ (James Tager) ལགས་ཀྱིས། རྩོམ་རིག་སྒྱུ་རྩལ་གྱི་ཐོག་ནས་བསམ་ཚུལ་བཏོན་པར་རྒྱལ་ཁབ་ཀྱི་ཁྲིམས་ཐོག་ནས་ཉེས་པ་བཏང་པ་འདི་ནི་མི་མང་གི་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོན་བྱས་པ་རང་རེད།   ཡིག་འབྲུ་འབྲི་བ་ཡང་ཁྲིམས་ལས་འགལ་བར་རྩིས་པ་འདི་ནི་འགྲོ་བ་མིའི་སྙིང་སྟོབས་ལ་རྒྱབ་འགལ་བྱས་པ་ཞིག་རེད།   རྒྱལ་སྤྱིའི་སྙན་ངག་གི་ཉིན་མོར་ཨ་རིའི་རྩོམ་པ་པོའི་མཐུན་ཚོགས་ནས་བསྐྱར་དུ་རྒྱ་ནག་དམར་ཤོག་ཚོགས་པ་དང་།  སྲིད་གཞུང་ལ་འགྲོ་བ་མི་ཚང་མའི་སྨྲ་བརྗོད་རང་དབང་ལ་གུས་བརྩི་དང་སྲུང་སྐྱོབ་འགན་ལེན་ཐུབ་པ་དགོས་རྒྱུའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་གསུངས་བྱུང་། 

སྒྲིག་བཟོ། ནོར་སྒྲོན། / Graphics: Nordon


གསར་འགོད་པ།  བསྟན་འཛིན་བདེ་སྐྱིད། དཔལ་འབར།
རྩོམ་སྒྲིག་པ།  སྐལ་ལྡན་བློ་གྲོས།  བཀྲིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ།  སྐལ་ལྡན་བློ་གྲོས།  བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན།  བསྟན་འཛིན་པདྨ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org