རྒྱ་ནག་གིས་བོད་མི་གསུམ་ལ་ཁྲིམས་ཐག་བཅད་འདུག
རྒྱ་ནག་གཞུང་གིས་ཀན་ལྷོ་ཁུལ་བླ་བྲང་ཕྱོགས་ཀྱི་བོད་མི་གསུམ་ལ་དུས་ཡུན་འདྲ་མིན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
-
2014-01-06 -
-
-
རྒྱ་ནག་གཞུང་གིས་ཀན་ལྷོ་ཁུལ་བླ་བྲང་ཕྱོགས་ཀྱི་བོད་མི་གསུམ་ལ་དུས་ཡུན་འདྲ་མིན་གྱི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་སྤེལ་དོན། སྤྱི་ལོ༢༠༡༢ལོར་བོད་ནང་བོད་མི་མང་པོ་ཞིག་གིས་སྔ་རྗེས་སུ་བོད་བསྟན་སྲིད་ཆེད་རང་ལུས་མེར་སྲེག་བཏང་གནང་བའི་གྲས་ནས་ཀན་ལྷོ་ཁུལ་བླ་བྲང་ཕྱོགས་ཀྱི་བོད་མི་ཐུབ་དབང་སྐྱབས་ལགས་ཀྱིས་༢༠༡༢་ལོའི་ཟླ་༡༠་ཚེས་༢༦ཉིན་བསང་ཁོག་ཤང་གི་རླངས་འཁོར་འབབ་ཚུགས་སུ། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་ཞེས་པའི་སྐད་འབོད་བྱས་ནས་སྐུ་ལུས་མེར་སྲེག་བཏང་བའི་གནད་དོན་དང་འབྲེལ་བ་ཡོད་པར་ཁ་གཡར་ནས་སྐབས་དེར་འཛིན་བཟུང་བྱས་བ་བསང་ཆུ་ནས་ཡིན་པའི་རྡོ་རྗེ་རབ་བརྟན་ལགས་སུ་ལོ་གཉིས་དང་། དེ་བཞིན་༢༠༡༢་ཟླ་༡༡་ཚེས་༢༧ཉིན་བསང་ཁོག་ཤང་དུ་དངུལ་ར་ནས་ཡིན་པའི་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་སྐུ་ལུས་མེར་སྲེག་བཏང་བ་དང་འབྲེལ་བ་ཡོད་པའི་ཉེས་བཙུགས་ཀྱིས་འཇུ་བཟུང་བྱས་པའི་བསང་ཁོག་ཀོའུ་སྡེ་ནས་ཡིན་པའི་སྐལ་བཟང་བྱིན་པ་ལགས་དང་། རྡོ་རྗེ་བཀྲིས་ལགས་གཉིས་ལ་ལོ་གཅིག་དང་ཕྱེད་ཀ་རེ་ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་སྤྱི་ལོ་༢༠༡༤ལོའི་ཕྱི་ཟླ་དང་པོའི་ཚེས་༢ཉིན་གཙོད་གྲོང་ཁྱེར་རྒྱ་མིའི་ཁྲིམས་ཁང་གིས་བཅད་ཡོད་པ་དང་། ད་ལྟ་ཁོང་ཚོ་བསང་ཆུ་རྫོང་ཐོག་གི་བཙོན་ཁང་ནང་བཙོན་འཇུག་བྱེད་བཞིན་པའི་གནས་ཚུལ་ཙམ་ལས་ཞིབ་ཕྲ་གསལ་བོ་མེད་པ་རེད།
གསར་འགོད་པ་འཆི་མེད།