ཞོགས་ལྗང་གིས་ཁྲིམས་ཐག་ངོས་ལེན་མ་བྱས་བ།

ཞོཊ་ལྗང་ལ་ཁྲིམས་ཆད་བསྒྲཊ་པ་ཁོང་གིས་ངོས་ལེན་མ་བྱས་བར་གོང་རིམ་ལ་ཞུ་གཏུག་བྱས་འདུག(གོང་གཏུག་ཡི་གེ)

ན་གཞོན་རྩོམ་པ་པོ་ཞོགས་ལྗང་གིས་བཙོན་ནས་བྲིས་བའི་ཞུ་གཏུགས་ཡི་གེ།་༢༠༡༦།༢།༢༧ བོད་འབྱོར།

ཉེ་བའི་ཆར་རྒྱ་ནག་གི་འབྲེལ་ཡོད་ཁྲིམས་ཁང་གིས་ཞོགས་ལྗང་ལ་ཁྲིམས་ཆད་བསྒྲགས་པ་ཁོང་གིས་ངོས་ལེན་མ་བྱས་བར་གོང་རིམ་ལ་ཞུ་གཏུག་བྱས་འདུག
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ལོ་༢༠༡༦་ལོའི་ཟླ་༢་བའི་ཚེས་༢༤ཉིན། བོད་ནང་གི་གཞོན་སྐྱེས་རྩོམ་པ་པོ་ཞོགས་ལྗང་ལགས་ཀྱིས་རྨ་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་༢༠༡༦ལོའི་ཟླ་༢བའི་ཚེས་༡༧ཉིན་ཁོང་ལ་དུས་བཀག་བཙོན་འཇུག་ལོ་གསུམ་དང་། ལོ་གཉིས་ལ་ཆབ་སྲིད་ཀྱི་ཐོབ་ཐང་བླངས་པའི་ཁྲིམས་བཅད་ཁྱབ་བསྒྲགས་བྱས་བར་ཁོ་བོ་མི་སྒེར་ནས་ངོས་ལེན་ཡེ་ནས་མེད་པས། མཚོ་སྔོན་ཞིང་ཆེན་རྒྱ་ནག་གི་མཐོ་རིམ་མི་དམངས་ཁྲིམས་ཁང་ལ་བཙོན་ནས་ཤོག་གྲངས་༡༧་ཅན་གྱི་ཞུ་གཏུགས་ཡི་གེ་ཕུལ་ནས་རྒྱུ་འབྲས་དྲང་གཞག་ཡོང་བའི་རེ་སྐུལ་བྱས་འདུག
ད་དུང་ཁོང་གི་ཞུ་གཏུགས་ཡིག་གེ་ནང་། རྨ་ལྷོ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁོ་བོ་ལ་ཉེས་བཙུགས་ཀྱི་གཞི་འཛིན་ས་དེ་རྟོགས་དཀའ་བས། ཡང་བསྐྱར་རང་གི་བྱས་བ་ཁྲིམས་འགལ་མིན་པའི་སྒྲུབ་བྱེད་དང་བཅས་བསམ་ཚུལ་ལྷུག་བརྗོད་བྱེད་རྒྱུ་ཡིན་བཅས་ཁྲིམས་ཁང་གིས་ནག་ཉེས་འགེལ་སའི་ཁོང་གི་རྩོམ་དང་ཟིན་བྲིས་ཀྱི་ནང་དོན་ཁག་རེ་རེ་བཞིན་རྒྱ་ནག་གི་རྩ་ཁྲིམས་ཀྱི་ནང་དོན་དང་སྦྱར་ནས་བོད་ཡིག་དང་རྒྱ་ཡིག་ཐོག་བྲིས་ཡོད་པ་རེད།
མཐའ་དོན་ཁང་གིས། ཁོ་བོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཤིག་ཡིན་པས། རང་གི་བསམ་ཚུལ་གསོང་བོར་བཤད་པའི་སྨྲ་བརྗོད་རང་དབང་གི་ཐོབ་ཐང་དང་། རང་གི་དྲན་ཚུལ་རྩོམ་དུ་འགོད་པའི་རྩོམ་འབྲི་རང་དབང་གི་ཐོབ་ཐང་རྩ་ཁྲིམས་སུ་གཏན་འབེབ་ཁག་ཐེག་བྱས་ཡོད་ཀྱང་། ཁོ་བོར་ཁྲིམས་ལུགས་ཀྱི་མྱོང་རྒྱུས་ཞན་པས། བཤད་ཉེས་འབྲི་ཉེས་སུ་སོང་ན་མཐོལ་ལོ་བཤགས། ལྷག་ཏུ། ཡུམ་ཆེན་དང་མིང་སྲིང་དག་གིས་མིག་མཐའི་མཆི་མ་མ་སྐམ་བར་ཁོ་བོར་བལྟས་ཡོད་ལ། ཆུང་མ་དང་བུ་ཆུང་གིས་དུས་ཚོད་སྐར་ཆ་མ་སོང་བར་ཁོ་བོར་སྒུག་ཡོད་པས། ཁྱེད་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་གང་མགྱོགས་ཅི་མྱུར་གྱིས་ཐག་གཅོད་ཡག་པོ་འོང་བར་རེ་ཞིག་སྒུག་ཡོད་ཅེས་ཡིག་མཇུག་འཛུབ་ཐེལ་རྒྱབ་འདུག།
གནས་ཚུལ་འདིའི་ཐད་ཞོགས་ལྗང་དང་ཐག་ཉེ་བའི་གྲོགས་པོ་ཞིག་ལ་འདི་ག་རླུང་འཕྲིན་ཁང་གིས་བསམ་ཚུལ་དྲིས་སྐབས། ཁོང་གིས། རྩོམ་ཡིག་དང་ཟིན་བྲིས་ཙམ་ལ་ཁ་གཡར་ནས་དུས་བཀག་ཁྲིམས་ཐག་བཅད་པ་ནི་དྲང་བདེན་མ་ཡིན་པ་དང་། ལྷག་པར་ཁོང་གི་རྩོམ་ཡིག་དང་ཟིན་བྲིས་ཁག་ནི་ཚང་མས་མཐོང་གསལ་སུ་ཡོད་པས། ཁྲིམས་དང་འགལ་བའི་རིགས་ངས་ནི་མཐོང་མ་སོང་ཅེས་དང་། ད་དུང་ཁོང་གིས་རྨ་ལྷོ་ཉེན་རྟོག་པས་ཞོགས་ལྗང་བཟུང་ནས་ད་བར་མི་ལོ་གཅིག་ལྷག་འདས་བ་དང་ཉེ་བའི་ཆར་ཞོགས་ལྗང་གི་ནང་མི་ཞིག་ཞོགས་ལྗང་ལ་ཐུག་འཕྲད་ཆེད་བསྐྱོད་སྐབས་བཙོན་སྲུང་བས་ཐུག་འཕྲད་བྱེད་དུ་བཅུག་མེད་པ་བརྗོད་བྱུང་།
བོད་ནང་གི་ན་གཞོམ་རྩོམ་པ་པོ་ཞོགས་ལྗང་ཞོགས་ལྗང་ལགས་༢༠༡༥་ཟླ་༣ཚེས་༡༩ཉིན་མཚོ་སྔོན་རེབ་གོང་ཁུལ་ཐོག་ཏུ་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། ཉེ་ལམ་༢༠༡༦ལོའི་ཟླ་༢་ཚེས་༡༧ཉིན་ཉིན་རེབ་གོང་ཐུན་རིན་ཁྲིམས་ཁང་གིས་ཁྲིམས་བཤེར་དང་ཁྲིམས་རྩོད་པ་སོགས་ཀྱི་གོ་རིམ་གང་ཡང་མེད་པར། ཞོགས་ལྗང་གིས་མི་རིགས་ཁ་བྲལ་གྱི་ཟིང་ཆ་བསླངས་པ་དང་། ཕྱི་གྱར་ཁ་བྲལ་བར་ལྐོག་འབྲེལ་བྱས་པ། ཆ་འཕྲིན་བརྒྱུད་ལམ་ཁག་ཏུ་ཐེངས་མང་པོར་སྤྱི་ཚོགས་བརྟན་བརླིང་ལ་གནོད་པའི་བརྗོད་བྱ་སྤེལ་བ་སོགས་ནག་ཉེས་བཞི་ཙམ་བགྲང་སྟེ། ལོ་༣་ཡི་ཁྲིམས་ཐག་གཅོད་རྒྱུ་ཡིན་སྐོར་བརྗོད་སྐབས། ཞོགས་ལྗང་ལགས་ཀྱིས་བཅད་ཁྲ་དེར་ངོས་ལེན་མ་གནང་བར་བསྐྱར་དུ་ཞུ་གཏུག་བྱ་ཡིན་ཚུལ་བརྗོད་ཡོད་པ་རེད།
གནས་ཚུལ་ལྟར་ན། ཁོ་རང་འཛིན་བཟུང་མ་བྱས་སྔོན་གྱི་༢༠༡༥ལོའི་ཟླ་༣པའི་ཚེས་༡༦ཉིན་རེབ་གོང་ཕྱོགས་སུ་རྒྱ་ནག་གི་དམག་མི་མང་པོས་མེ་མདའ་བཟུང་ནས་ས་གནས་སུ་དམ་དྲག་བྱེད་བཞིན་པའི་སྐོར་ལ་ཟིན་བྲིས་སྤེལ་ཡོད་པ་རེད། དེ་ནས་ཚེས་༡༨ཉིན་མཚོ་བྱང་རྐང་ཚའི་ཉམས་ཆུང་སློབ་མའི་སྐོར་ལ་ཟིན་བྲིས་ཞིག་ཀྱང་སྤེལ་ཡོད་པ་རེད།
དེ་སྔོན་སྤྱི་ལོ་༢༠༡༠ལོའི་སྤྱི་ཟླ་༤བའི་ཚེས༦ཉིན་བོད་ཀྱི་ན་གཞོན་རྩོམ་པ་པོ་ཐེའུ་རང་དང་། ཞོགས་ལྗང་གཉིས་རྒྱ་ནག་གཞུང་གིས་སྤྱི་ལོ་ཉིས་སྟོང་བརྒྱད་ལོའི་ནུབ་བྱང་སློབ་ཆེན་གྱི་བོད་རིགས་སློབ་མའི་ཞི་བའི་གསར་བརྗེའི་སྣེ་ཁྲིད་པ་དང༌། ཕྱི་སྡོད་བོད་ཀྱི་ཤེས་ཡོན་ཅན་དང་འབྲེལ་བ་ཡོད་པ། བོད་ནང་དུ་མི་རིགས་ཁ་བྲལ་གྱི་ངན་སྐུལ་བྱེད་བཞིན་ཡོད་པ་སོགས་ཀྱི་ཉེས་བཙུགས་ཀྱིས་འཛིན་བཟུང་བྱས་མྱོང་བ་རེད། བོད་ཕྱི་ནང་གཉིས་སུ་ཁོང་དང་ཁོང་གི་རྩོམ་ཡིག་ལ་དགའ་མོས་བྱེད་མཁན་མང་པོ་ཡོད་པ་རེད། ད་ལྟ་རང་ལོ་༣༠ཙམ་ཡིན་པའི་ན་གཞོན་རྩོམ་པ་པོ་ཞོགས་ལྗང་ནི་ཁོང་གི་སྨྱུག་མིང་ཡིན་ཞིང་། མིང་ངོ་མར་འབྲུག་དཀར་རྒྱལ་ལམ་འབྲུག་ལོ་ཞུ་གི་ཡོད་འདུག མདོ་སྨད་མདོ་ལྷོ་བསང་ཆུ་རྫོང་རྒན་གྱ་ཡུལ་ཚོ་ཁ་གྱ་སྡེ་བ་ནས་ཡིན་པ་རེད།

གསར་འགོད་པ་ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org