དམུ་དགེ་དགོན་པར་ལྟ་རྟོག་ནན་མོ་བྱེད་བཞིན་པ།
ཟུང་ཆུ་དམུ་དགེ་དགོན་པའི་ཕྱོཊ་གང་སར་པར་ཆས་བཙུཊ་པ་དང་། ས་གནས་རྒྱ་ནག་གི་ཉེན་རྟོག་པ་ཡོང་ནས་དགོན་པའི་དགེ་འདུན་པ་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ལྟ་རྟོག་ནན་མོ་བྱེད་བཞིན་པ་རེད་འདུག
-
2013-10-25 -
-
-
མདོ་སྨད་ཟུང་ཆུ་ཕྱོགས་ཀྱི་དམུ་དགེ་དགོན་པའི་ཕྱོགས་གང་སར་པར་ཆས་བཙུགས་པ་དང་། ས་གནས་རྒྱ་ནག་གི་ཉེན་རྟོག་པ་ཡོང་ནས་དགོན་པའི་དགེ་འདུན་པ་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ལྟ་རྟོག་ནན་མོ་བྱེད་བཞིན་པ་རེད་འདུག
དེ་ཡང་བོད་ནས་གནས་ཚུལ་འབྱོར་དོན། མདོ་སྨད་རྔ་བ་ཁུལ་ཟུང་ཆུ་རྫོང་དམུ་དགེ་སྟོད་མ་ཕྱོགས་ཀྱི་དམུ་དགེ་དགོན་པར་ཡོད་པའི་ཨ་མདོ་འཇམ་དབྱངས་བཞད་པའི་གཟིམ་ཁང་གི་སྒོ་དང་། དགོན་པའི་ཁྲི་བ་རྣམས་བཞུགས་ཡུལ། ད་དུང་ཆོས་མཇལ་བ་ཚོ་འདུ་འཛོམས་བྱེད་པའི་གནས་བཀྲ་ཤིས་འཁོར་ལོའི་དགོན་ཐོག་རི་སྒང་བཅས་ཀྱི་གཙོས་གང་སར་རྒྱ་ནག་གི་བྲེལ་ཡོད་ཚན་པས་བརྙན་མིག་གམ་པར་ཆས་བཙུགས་ཡོད་པ་དང་། དུས་ཚོས་ངེས་མེད་ལ་ས་གནས་ཀྱི་འབྲེལ་ཡོད་ཉེན་རྟོག་པ་ཡོང་ནས་སྐོར་སྲུང་བྱེད་པ་སོགས་དགོན་པའི་དགེ་འདུན་པ་ཚོ་དང་། ཕྱོགས་མཐའ་ཁག་གི་མཆོད་མཇལ་བ་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ལྟ་རྟོག་ནན་མོ་བྱེད་བཞིན་པས་ཕྱོགས་གང་ཐད་ནས་དགེ་འདུན་པ་ཚོ་དམ་དྲག་གི་གནས་སྟངས་འོག་ནས་སྡོད་དགོས་ཀྱི་ཡོད་པ་དང་། ཉེན་རྟོག་པའི་སྣང་བར་མི་འགྲོ་བའི་བྱ་སྤྱོད་རེ་བྱུང་ཚེ་བཀག་ཉར་འདྲི་རྩད་དང་། དོ་དམ་ནན་མོ་བྱེད་བཞིན་པ་ས་གནས་བོད་མི་ཞིག་གིས་བརྗོད་བྱུང་།
༢༠༠༨ལོའི་རྗེས་དམུ་དགེ་དགོན་པའི་གླིང་ལ་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཉེན་རྟོག་པ་རྒྱུན་སྡོད་བྱེད་སའི་ཁང་བ་གསར་རྒྱག་བྱེད་རྩིས་བྱས་བར་དགོན་པའི་དོ་དམ་པ་དང་། རྒན་རབས་པ་ཚོས་འདོད་པ་མེད་པའི་རྣམ་འགྱུར་དང་། རྒྱུ་མཚན་མང་པོ་བཤད་མཐར་བཀག་འགོག་བྱེད་ཐུབ་ཙམ་བྱུང་ཡོད་འདུག
གོང་གི་དམུ་དགེ་དགོན་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཟུང་ཆུ་རྫོང་གི་ཁོངས་སུ་གཏོགས་པ་དང་། དེ་སྔོན་རྗེ་བློ་བཟང་གྲགས་པའི་དངོས་སློབ་མཁན་ཆེན་ངག་དབང་གྲགས་པ་ཚང་གིས་ཕྱག་བཏབ་པ་ད་བར་མི་ལོ་༦༠༠ལྷ་གི་ལོ་རྒྱུས་ཡོད་པ་དམུ་དགེ་བཀྲ་ཤིས་འཁོར་ལོ་དགོན་ལ་དེང་སང་དགེ་འདུན་པ་ཞལ་གྲངས་༣༢༠ལྷག་ཡོད་པ་རེད་འདུག
གསར་འགོད་པ། ཀླུ་འབུམ་བཀྲ་ཤིས།