མགོ་ལོག་ཇོ་ནང་ལྕམ་མདའ་དགོན་དུ་དམ་བསྒྲཌ་འོག་ས་ཏྭ་དུང་སྒྲུབ་ཆེན་མོ་འཚོཌ་པ།
མགོ་ལོག་གཅིག་སྒྲིལ་རྫོང་ཇོ་ནང་ལྕམ་མདའ་དགོན་པ་ནས་ས་ཏྭ་དུང་སྒྲུབ་ཆེན་མོ་འཚོགས་འགོ་བཙུགས་ཡོད་ལ།དེ་མ་འཚོག་སྔོན་ལ་དགོན་པའི་ཆོས་བརྡའི་ནང་བོད་མི་རིགས་ཀྱི་དོན་དུ་ཤི་གསོན་ཚང་མར་བསྔོ་སྨོན་རྒྱག་རྒྱུ་ཞེས་བཀོད་ཡོད་པ།
-
2014-03-29 -
-
-
འདི་ག་རླུང་འཕྲིན་ཁང་ལ་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན།
ཟླ་བ་འདིའི་ཚེས་༢༨ནས་བཟུང་ཉིན་གཉིས་ཙམ་རིང་།མགོ་ལོག་གཅིག་སྒྲིལ་རྫོང་ཇོ་ནང་ལྕམ་མདའ་དགོན་པ་ནས་ས་ཏྭ་དུང་སྒྲུབ་ཆེན་མོ་འཚོགས་འགོ་བཙུགས་ཡོད་ལ།ནམ་རྒྱུན་ཉིན་གསུམ་བཞིའི་རིང་འཚོག་སྲོལ་ཡོད་ནའང་།ད་ལོ་ཉིན་གཉིས་རིང་མ་གཏོགས་འཚོག་མི་ཆོག་པ་བཟོས་ཡོད་པ་མ་ཟད།དེ་མ་འཚོག་སྔོན་ལ་དགོན་པའི་ཆོས་བརྡའི་ནང་བོད་མི་རིགས་ཀྱི་དོན་དུ་ཤི་གསོན་ཚང་མར་བསྔོ་སྨོན་རྒྱག་རྒྱུ་ཞེས་བཀོད་ཡོད་པས་དེའི་ཚིག་ལ་འགྲེལ་བ་རྒྱག་དགོས་ཚུལ་གཞུང་ཕྱོགས་ནས་དགོན་པར་ཡང་ཡང་གནོན་ཤུགས་སྤྲད་ནས་ད་བར་བཀག་འགོག་བྱས་ཏེ།ད་ལྟ་གཞི་ནས་འཚོགས་སུ་བཅུག་ཡོད་ནའང་།དམ་དྲག་ཧ་ཅང་ཆེན་པོ་བྱེད་བཞིན་པ་མ་ཟད།གཞུང་ཕྱོགས་ནས་སྐབས་འདིར་ལམ་ཕྱོགས་སློབ་གསོ་ཟེར་བའི་ལས་འགུལ་ཞིག་སྤེལ་ཏེ།ཡིག་ཆ་བཀྲམ་པའི་ནང་།བོད་ཀྱི་དོན་གཤེགས་པ་ཟེར་བ་ཚོའི་ཆེད་དུ་བསྔོ་སྨོན་དང་གདོང་གྲོགས་བྱེད་པ།ཡང་ན་རོགས་རམ་བྱེད་མཁན་།དེའི་རིགས་ཀྱི་འདྲ་པར་ཕན་ཚུན་བར་སྐུར་མཁན་མཐོང་ན་དྲག་རྡུང་བྱེད་རྒྱུ་དང་།དེ་བཞིན་དགོན་པའི་ངོས་ནས་དེའི་རིགས་ལ་བསྔོ་སྨོན་དང་མཆོད་སྒྲུབ་བྱས་བ་ཡིན་ན།དགོན་པའི་ཆོས་སྒོ་རྒྱག་རྒྱུ་མ་ཟད།དགོན་པའི་བླ་མ་དང་དགོན་པའི་དོ་དམ་འགན་ཡོད་མི་སྣ་འཛིན་བཟུང་བྱེད་རྒྱུ་སོགས་ཡིག་ཆའི་ནང་བཀོད་ནས་ཉེན་བརྡ་བཏང་ཡོད་ཟེར།ཡང་གནས་ཚུལ་ཡོང་ཁུངས་ནས་གསུང་ན།གཞུང་ཕྱོགས་ཀྱི་ཉེན་བརྡ་དང་དམ་དྲག་ཡོད་མེད་ལ་མ་བལྟས་བར་ལྕམ་མདའ་དགོན་པའི་ངོས་ནས་ད་ལྟ་ས་ཏྭ་དུང་སྒྲུབ་ཆེན་མོ་འཚོགས་བཞིན་པ་མ་ཟད།ཚོགས་ཞུགས་མི་སྐྱ་ཕོ་མོ་དབྱེར་མེད་ཀྱིས་བོད་ཆོལ་ཁ་གསུམ་ནང་ཁུལ་མཐུན་སྒྲིལ་དང་།བོད་མི་ནང་ཁུལ་འཆམ་པོ་བྱས་ནས་ནང་འཛིང་མི་བྱེད་རྒྱུ།དེ་མིན་རྒྱན་དང་རྐུས་གཅོད་པ་སོགས་ཀྱི་ཁས་ལེན་དམ་བཅའ་ཡང་འབུལ་བཞིན་ཡོད་ཟེར།ད་ལྟ་ཇོ་ནང་ལྕམ་མདའ་དགོན་པའི་ཉེ་འཁོར་དུ་མགོ་ལོག་ཁུལ་དང་གཅིག་སྒྲིལ་རྫོང་བཅས་ཀྱི་ཉེན་རྟོག་པ་མང་པོ་ཡོང་ནས་སྐོར་གཡེང་དང་ལྟ་རྟོག་ཆེན་པོའི་འོག་ས་ཏྭ་དུང་སྒྲུབ་འཚོགས་བཞིན་ཡོད་པ་གནས་ཚུལ་ཡོངས་ཁུངས་ཀྱི་འགྲེལ་བརྗོད་གནང་ཡོད།
ན་ནིང་ལོར་དགོན་པ་དེ་ནས་ས་ཏྭ་དུང་སྒྲུབ་ཆེན་མོ་འཚོགས་སྐབས་བོད་མི་རིགས་དོན་དུ་གཤེགས་པ་ཚོའི་བསྔོ་ཡིག་མཚན་ཐོ་བསྐྱོར་ཡོད་ཅིང་།ད་ལོ་དེ་གཏན་འགོག་བྱས་ཡོད་པ་རེད་ཅེས་བོད་ནས་བོད་མི་ཞིག་གིས་འགྲེལ་བརྗོད་གནང་ཡོད།།
གསར་འགོད་པ་སྟག་ལྷ་རྒྱལ།