བོད་ནང་གི་དངོས་ཡོད་གནས་སྟངས་ལ་གཟིགས་ཞིབ་དགོས་སྐོར།
༧གོང་ས་མཆོག་གིས་ཨོ་སེ་ཀྲེ་ལི་ཡའི་གྲོས་ཚོགས་ཀྱི་འཐུས་མི་ཚོར་བོད་ནང་དངོས་ཡོད་གནས་སྟངས་གཟིགས་ཞིབ་དགོས་ལུགས་གསུངས་འདུག
-
2009-12-09 -
-
-
༄༅༎སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སེ་ཀྲེ་ལི་ཡའི་གྲོས་ཚོགས་ཀྱི་འཐུས་མི་ཚོར་བོད་ནང་དངོས་ཡོད་གནས་སྟངས་གཟིགས་ཞིབ་ཆེད་ཕེབས་དགོས་ལུགས་གསུངས་ཡོད་འདུག
བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཨོ་སེ་ཀྲེ་ལི་ཡའི་ཝིཀ་ཀྲོ་རི་ཡའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་འཐུས་མི་ཚོགས་པའི་གོ་བསྒྲིགས་འོག་འཐུས་མི་བཅུ་ལྷག་ཙམ་གྱི་གཙོས་པས་མི་གྲངས་བརྒྱ་སྐོར་ཞིག་གི་དམིགས་བསལ་ལྷན་ཚོགས་ཐོག་གསུངས་བཤད་གནང་བའི་ནང་། ༧གོང་ས་མཆོག་གིས། གཙོ་བོ་ཞི་བདེ་དང་ཆོས་ལུགས་དང་མི་རིགས་ཕན་ཚུན་དབར་མཐུན་སྒྲིལ་ཡོང་ཐབས་བཅས་ཀྱི་ལས་དོན་སྤེལ་གནང་ཕྱོགས་གསུངས་པ་དང་ཆབས་ཅིག་བོད་ནང་གི་དངོས་ཡོད་གནས་སྟངས་གཟིགས་ཞིབ་སླད་བོད་ནང་ཕེབས་དགོས་པའི་འབོད་སྐུལ་གནང་ཡོད་འདུག
ཡང་ལྷན་ཚོགས་དེ་བཞིན་གྲོས་ཚོགས་ཀྱི་ཁོངས་གཏོགས་ཤིག་ཏུ་ཡིན་ནའང་མངའ་སྡེའི་སྤྱི་ཁྱབ་མཉམ་ཞུགས་མ་གནང་བ་དེར་དགོངས་ཚུལ་བྱུང་ཡོད་པ་ལྟར་གསར་འགོད་པ་ཚོས་འདིའི་ཐོག་
༧གོང་ས་མཆོག་ལ་བཀའ་འདྲི་ཞུས་པའི་བཀའ་ལན་དུ། ཆབ་སྲིད་ཀྱི་མི་སྣ་ཚོ་མཇལ་འཕྲད་མ་གནང་བ་དེའི་ཐོག་ཐུགས་འཚབ་གང་ཡང་མེད་ལ་༧གོང་ས་མཆོག་གི་གཟིགས་བསྐོར་འདི་ཡང་ཆབ་སྲིད་ཀྱི་ངོ་བོའི་ཐོག་ནས་མ་རེད་ཅེས་བཀའ་ལན་གནང་འདུག དེ་དང་ཕྱོགས་མཚུངས་མངའ་སྡེའི་སྤྱི་ཁྱབ་མཆོག་གིས་ཀྱང་ཁོང་གི་སྔོན་གཏན་འཁེལ་བའི་མཛད་འཆར་ཐོག་ནས་མཇལ་འཕྲད་ཞུ་མ་ཁོམས་བྱུང་མེད་པ་ལས་རྒྱ་ནག་གི་གནོན་ཤུགས་གང་ཡང་མ་རེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།
ཡང་ད་རེས་༧གོང་ས་མཆོག་གིས་ཁུལ་དེར་བསྐོངས་ཚོགས་གནང་བའི་འཛམ་གླིང་ཆོས་ལུགས་རིས་མེད་ཀྱི་ལྷན་ཚོགས་ཀྱི་ཉིན་མཐའ་མའི་ཐོག་དབུ་བཞུགས་གནང་བས་མ་ཟད་གསུངས་བཤད་གནང་བའི་ནང་། དེང་དུས་འཕྲུལ་ལས་ཡར་རྒྱས་ཆེན་པོ་འགྲོ་བཞིན་པའི་དུས་ཚོད་འདིར་ཕྱི་དངོས་པོའི་ཐོག་ནས་ཚད་དང་ལྡན་པ་ཞིག་ཆགས་ཡོད་ཀྱང་མིའི་ཀུན་སྤྱོད་ཀྱི་ནུས་པའི་མ་ལྡེང་པའི་རྐྱེན་གྱིས་རྙོག་དྲ་ཡོང་གི་ཡོད་རེད། དེ་དག་འགོག་ཐབས་སུ་གཙོ་བོ་རྒྱུ་མཚན་ལྡན་པའི་ཐོག་ནས་དཀའ་རྙོག་སེལ་ཐབས་བྱེད་དགོས་རྒྱུ་གལ་ཆེན་པོ་རེད། དེ་ལྟར་མ་བྱས་པར་ཕྱི་དངོས་པོའི་འདོད་རྔམ་མཐའ་མེད་པ་ཞིག་མུ་མཐུད་ནས་བྱས་པ་ཡིན་ན་དེས་རང་བྱུང་ཁོར་ཡུག་དང་། མ་འོངས་པའི་ཕུགས་འགྱངས་རིང་པོར་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་ལུགས་བཀའ་གནང་འདུག