བོད་ནང་གི་གཞོན་སྐྱེས་ཚོར་དམར་ཤོག་གི་ལྟ་སྤྱོད་ལ་སློབ་སྦྱོང་མི་བྱེད་ཐབས་མེད་བཟོ་བཞིན་འདུག
བོད་ནང་རྒྱ་ནག་གཞུང་གི་སྲིད་བྱུས་འོག་གཞོན་སྐྱེས་ཚོར་ཞི་ཅིན་ཕེན་གྱི་བསམ་བློ་དང་དམར་ཤོག་གི་ལྟ་སྤྱོད་ལ་སློབ་སྦྱོང་མི་བྱེད་ཐབས་མེད་བཟོ་བཞིན་ཡོད་འདུག
-
2020-09-23 -
-
-
Your browser doesn’t support HTML5 audio
བོད་ནང་རྒྱ་ནག་གཞུང་གི་སྲིད་བྱུས་འོག་གཞོན་སྐྱེས་ཚོར་ཞི་ཅིན་ཕེན་གྱི་བསམ་བློ་དང་དམར་ཤོག་གི་ལྟ་སྤྱོད་ལ་སློབ་སྦྱོང་མི་བྱེད་ཐབས་མེད་བཟོ་བཞིན་ཡོད་འདུག
ཞི་ཅིན་ཕེན་རྒྱ་ནག་གི་སྲིད་འཛིན་ཆགས་པའི་རྗེས། རྒྱ་ནག་གཞུང་གིས་བོད་ས་ཁྱོན་ཡོངས་སུ་ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཟེར་བའི་སྲིད་བྱུས་རིམ་པར་སྤེལ་ཏེ། ད་སྐབས་བོད་ནང་བོད་རིགས་གཞོན་སྐྱེས་མང་པོ་ཤིག་ལ་སྲིད་བྱུས་དེས་ཤུགས་རྐྱེན་ཆེན་སྤྲོད་བཞིན་ཡོད་འདུག་ཅིང་། བོད་ཀྱི་རྒྱལ་ས་ལྷ་སར་གནས་སྡོད་མིང་འབོད་གནང་འདོད་མེད་པའི་བོད་མི་ན་གཞོན་ཞིག་གིས་ཨེ་ཤེ་ཡ་རང་རླུང་འཕྲིན་ཁང་གསུངས་ན། བོད་ནང་སློབ་མཐར་ཕྱིན་པའི་བོད་མི་ན་གཞོན་མང་ཆེ་བས་གཞུང་ཞབས་ལས་ཀ་རག་ཐབས་གནང་གི་ཡོད་པ་དང་། བོད་ནང་གལ་ཏེ་བོད་མི་སུ་འདྲ་ཞིག་གཞུང་ཞབས་ཀྱི་ལས་ཀར་ཞུགས་འདོད་ཡོད་ན། རང་ཉིད་ངེས་པར་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཡིན་དགོས་པ་མ་ཟད། ད་སྐབས་གཞོན་སྐྱེས་མང་པོ་ཞིག་རང་ཉིད་ཀྱི་མདུན་ལམ་ཆེད་དུ་ཞི་ཅིན་ཕེན་གྱི་བསམ་བློ་དང་དམར་ཤོག་གི་ལྟ་སྤྱོད་ལ་སློབ་སྦྱོང་མ་བྱས་ན། ཐབས་ལམ་གཞན་མེད་པ་ལྟ་བུ་ཆགས་ཡོད་པ་དང་། ཐ་ན་རང་ཉིད་སློབ་མཐར་ཕྱིན་ཏེ་དགེ་རྒན་ཡག་པོ་ཞིག་བྱ་འདོད་ཡོད་ན། དམར་ཤོག་གི་ཚོགས་མི་ཡིན་དགོས་པའི་ཐོག་ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་བསམ་བློ་གསར་པ་ཟེར་བར་སློབ་སྦྱོང་བྱེད་དགོས་པ་འགྲེལ་བརྗོད་གནང་སོང་།
ཡང་བོད་ནང་གནས་སྡོད་བོད་མི་གཞན་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ལྷ་སའི་པོ་ཏ་ལའི་ཉེ་འཁྲིས་སུ་ཡོད་པའི་ཤིན་ཧྭ་དེབ་ཁང་ངམ(新华书店)་ཟེར་བའི་དེབ་ཁང་གཙོས་པའི་དེབ་ཁང་མང་ཆེ་བའི་ནང་དུ། ཞི་ཅིན་ཕེན་གྱི་བསམ་བློ་དང་འབྲེལ་བའི་དེབ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་སྤྱོད་དང་འབྲེལ་བའི་དཔེ་དེབ། དམར་ཤོག་གི་ལོ་རྒྱུས་ཡག་པོ་ཡོད་པའི་སྐོར། དེ་བཞིན་རྒྱ་ནག་དམར་ཤོག་གིས་བོད་ལ་ཡག་པོ་ཞེ་དྲག་བྱེད་ཡོད་ཚུལ་ཀྱི་དཔེ་དེབ་རྐྱང་རྐྱང་ཡིན་པ་ལས། བོད་མིའི་ལོ་རྒྱུས་དང་། ཆོས་དང་རིག་གཞུང་སོགས་དང་འབྲེལ་བའི་དཔེ་དེབ་རིགས་ཧ་ཅང་གི་ཉུང་ཉུང་ཡིན་པས། བློ་ཕམ་དགོས་པའི་གནས་སྟངས་ཤིག་ཡིན་པ་འགྲེལ་བརྗོད་གནང་སོང་།
གོང་ཞུས་གནས་ཚུལ་དེའི་ཐད་རྡ་རམ་ས་ལར་ཡོད་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་རྒྱ་ནག་གཞུང་གི་བོད་ནང་ཤེས་ཡོན་སྲིད་བྱུས་ཐོག་ཉམས་ཞིབ་གནང་མཁན་ཀརྨ་བསྟན་འཛིན་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཀྱི་གཞོན་སྐྱེས་ཚོར་སློབ་སྤྱོང་སྤྲོད་རྒྱུའི་དམིགས་ཡུལ་གཙོ་བོ་ཞིག་ནི། བོད་པའི་མི་རབས་གསར་པ་ཚོ་རང་ཉིད་ཀྱི་རིག་གཞུང་ལས་ལྷག་པར་རྒྱ་ནག་དམར་ཤོག་ལ་དོ་སྣང་སླེབས་ཐབས་ཀྱི་དམིགས་ཡུལ་འཛིན་གྱི་ཡོད་པ་འགྲེལ་བརྗོད་གནང་སོང་།
གཞན་ཡང་ད་དུང་བོད་ནས་གནས་ཚུལ་ངོ་སྤྲོད་གནང་བར་གཞིགས་ན། བོད་ཀྱི་ས་ཁུལ་ཁག་ཅིག་ནང་རྒྱ་ནག་གཞུང་གི་སྲིད་བྱུས་འོག རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་དང་གཞུང་གི་ལས་བྱེད་ཚོ་བོད་ཀྱི་དགོན་སྡེ་ཁག་ནང་མཆོད་མཇལ་དུ་འགྲོ་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་པ་མ་ཟད། ཉེ་ལམ་རྒྱ་ནག་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་ཡིག་ཚགས་ཁང་གི་དེ་སྔའི་འགན་འཛིན་སྤེན་པ་དོན་གྲུབ་ཞུ་བ་ཞིག་གིས་ཆོས་ལ་དད་པ་བྱས་པ་སོགས་ཀྱི་ཉེས་མིང་འོག་ལས་གནས་ནས་ཕྱིར་ཕུད་བཏང་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད།