ཡར་འཕེལ་ལགས་ཀྱིས་སྐད་འབོད་རྗེས་འཇུ་བཟུང་བྱས་འདུག
སེར་ཤུལ་རྫོང་ཁོངས་ཀྱི་མང་དགེ་དགོན་པའི་དགེ་འདུན་པ་ཡར་འཕེལ་གྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་རྗེས་འཇུ་བཟུང་བྱས་ཡོད་འདུག
-
2014-11-26 -
-
-
Your browser doesn’t support HTML5 audio
དཀར་མཛེས་ཁུལ་སེར་ཤུལ་རྫོང་ཁོངས་ཀྱི་མང་དགེ་དགོན་པའི་དགེ་འདུན་པ་ཡར་འཕེལ་གྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་རྗེས་འཇུ་བཟུང་བྱས་ཡོད་འདུག
འབྲེལ་ཡོད་བརྒྱུད་འདྲ་པར་དང་བཅས་གནས་ཚུལ་འབྱོར་དོན། དེ་རིང་སྤྱི་ཚེས་༢༦ཉིན་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་གསུམ་དང་ཕྱེད་ཀ་ཙམ་ལ་ཟི་ཁྲོན་དཀར་མཛེས་ཁུལ་སེར་ཤུལ་རྫོང་ཐོག་ཏུ་མང་དགེ་དགོན་པའི་དགེ་འདུན་པ་ཡར་འཕེལ་ལགས་གློ་བུར་གཞུང་ལམ་ཐོག་༧རྒྱལ་བ་རིན་པོ་ཆེ་ཁྲི་ལོར་ཤོག ༧གོང་ས་མཆོག་བོད་ལ་ཕེབས་སུ་འཇུག་དགོས་ལ་སོགས་པའི་བོད་དོན་སྐད་འབོད་བྱས་ཡོད་པ་དང་། རིང་པོར་མ་སོང་བར་ས་གནས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག གནས་ཚུལ་ངོ་སྤྲོད་པས་བརྗོད་དོན། དགེ་འདུན་པ་ཡར་འཕེལ་ལགས་ཀྱིས་རྔམ་སྟོན་སྐད་འབོད་སྐབས་ལག་ཏུ་འཕྲེད་དར་ཞིག་ལག་པ་གཉིས་ཀྱིས་གནམ་ལ་བསྒྲེངས་བའི་སྟེང་༧གོང་ས་མཆོག་གི་སྐུ་པར་དང་མཉམ་༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་ཤོག་ཅེས་འཁོད་འདུག་ལ་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་རྗེས་ས་གནས་སུ་དམ་དྲག་བྱས་པར་བརྟེན་རྗེས་ཀྱི་ཞིབ་ཕྲའི་གནས་ཚུལ་གསལ་བོ་མ་བྱུང་ཅེས་བརྗོད་བྱུང་།
གོང་གི་དགེ་འདུན་པ་ཡར་འཕེལ་ནི་ད་ལོ་རང་ལོ་༢༢་ཙམ་ཡིན་པ་དང་། ཕའི་མིང་ལ་ལེགས་ཚོགས་ཡོན་ཏན་དང་། མའི་མིང་ལ་བདེ་མཚོ་ཟེར། སེར་ཤུལ་རྫོང་མང་དགེ་སྡེ་བ་ནས་ཡིན་པ་རེད་འདུག ད་ལྟ་སེར་ཤུལ་རྫོང་གི་དྲ་སྒོ་བཀག་ཟིན་པས་ས་ཆ་དེའི་གནས་ཚུལ་རྒྱུས་འོན་དཀའ་བའི་གནས་སྟངས་ཆགས་ཡོད་འདུག
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས་དང་། བློ་བཟང་ཆོས་འཕེལ། ལྕགས་མོ་འཚོ། ཀླུ་འབུམ།