ཁྱུང་ཉིན་གྲོང་ཚོར་སློབ་ཆུང་འཛུཊ་མིན་ཐད་བཀོད་སྒྲིག་གསར་པ་ཡོད།

ཞུ་འབུལ་དང་གསར་འགོད་པས་རྩད་ཞིབ་རྗེས་གཡང་མོ་སྐྱིད་ཀྱི་ཁྱུང་ཉིན་སློབ་ཆུང་སྒོ་རྒྱག་མིན་ཐད་བཀོད་སྒྲིག་གསར་པ་ཡོད་པ་བསྟན་འདུག

རྒན་གཡང་མོ་སྐྱིད་དང་ཁོང་མོར་བཏང་བའི་བརྡ་ཁྱབ། ༢༠༡༥ བོད་འབྱོར།

ཞུ་འབུལ་དང་གསར་འགོད་པས་རྩད་ཞིབ་རྗེས་གཡང་མོ་སྐྱིད་ལགས་གྱི་ཁྱུང་ཉིན་སྒེར་གཉེར་སློབ་ཆུང་སྒོ་རྒྱག་མིན་ཐད་བཀོད་སྒྲིག་གསར་པ་ཡོད་པ་བསྟན་འདུག
འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། འདི་སྤྱི་ཟླ་དང་པོའི་ཚེས་༡༤ཉིན་མཚོ་སྔོན་ཡ་རྫི་རྫོང་གི་ཤེས་རིག་སློབ་གསོ་ལས་ཁུངས་ཀྱིས་རྒན་གཡང་མོ་སྐྱིད་ཀྱི་ཁྱུང་ཉིན་སྒེར་གཉེར་སློབ་གྲྭ་སྒོ་རྒྱག་དགོས་པའི་བཙན་བཀའ་བཏང་བ་དང་། དེ་མ་ཐག་ས་གནས་ཡུལ་མི་སློབ་ཕྲུག་གི་ཕ་མས་ཞུ་གཏུགས་བྱས་བ་དང་། དྲ་ལམ་འཕྲིན་ལམ་ནས་ཤེས་ཡོན་སྡེ་སོགས་ཀྱིས་སྐྱོན་བརྗོད་སོགས་ཀྱི་གནས་ཚུལ་སྤེལ་བ། ལྷག་པར་འདི་ཟླའི་ཚེས་༩བར་གྱི་ཉིན་གྲངས་གསུམ་རིང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་ས་གནས་ལ་བཅར་ནས་རྩད་ཞིབ་དང་བཅས་གནས་ཚུལ་སྤེལ་བའི་རྗེས་ཡ་རྫི་རྫོང་ཤེས་ཡོན་སློབ་གསོ་ལས་ཁུངས་ཀྱི་དཔོན་པོ་ལྷ་ལུང་ཚེ་རིང་དང་། རྫོང་དཔོན་བཅས་ནས་གསར་འགོད་པར་གཡང་མོ་སྐྱིད་ལགས་གྱིས་ནུས་བ་ཤུགས་ཆེན་བཏོན་བཞིན་པའི་ཁྱུང་ཉིན་སློབ་ཆུང་སྒོ་རྒྱག་མིན་དང་། ཁྱུང་ཉིན་གྲོང་ཚོར་སློབ་ཆུང་འཛུགས་མིན་ཐད་གཞུང་ཕྱོགས་ནས་བཀོད་སྒྲིག་གསར་པ་ཡོད་པ་བསྟན་འདུག ཡིན་ན་ཡང་བཀོད་སྒྲིག་གསར་བ་དེའི་ནང་དོན་ད་དུང་དེ་ཙམ་ཁ་གསལ་མེད་ཐོག་རྒན་གཡང་མོ་སྐྱིད་ཀྱི་སྐོར་ཡང་གང་ཡང་བཤད་མེད་པ་རེད། འོན་ཀྱང་ས་གནས་ཡུལ་མི་དང་སློབ་ཕྲུག་གི་ཕ་མ་ཚོར་ས་གནས་སུ་སློབ་ཆུང་མུ་མཐུད་ཉར་ཐུབ་པའི་རེ་བ་ཞིག་སླེབས་ཡོད་པ་གནས་ཚུལ་སྤེལ་འདུག
གནས་ཚུལ་འདི་ནི་མཚོ་སྔོན་ཞིང་ཆེན་ཞོན་ཧཱ་ཡ་རྫི་རྫོང་གི་ཤེས་རིག་སློབ་གསོ་ལས་ཁུངས་ཀྱིས་ཉེ་བའི་ཕྱི་ཟླ་༡ པོའི་ཚེས་༡༤ཉིན་རྒན་གཡང་མོ་སྐྱིད་ལགས་ཀྱི་མཚན་ཐོག་ཏུ་བརྡ་ཐོ་ཞིག་བཏང་སྟེ། ཁོ་མོའི་སྒེར་གཉེར་སློབ་གྲྭ་དེ་སྲིད་གཞུང་དང་སློབ་གསོ་ལས་ཁུངས་ཀྱིས་ཆོག་མཆན་མེད་པའི་ཁྲིམས་འགལ་གྱི་སློབ་གྲྭ་གཉེར་བར་ངོས་འཛིན་གྱིས་བརྡ་ཐོ་དེ་འབྱོར་བའི་ཉིན་ནས་སློབ་གྲྭ་དེ་སྒོ་རྒྱག་དགོས་པའིི་བཙན་བཀའ་བཏང་པ་ནས་བྱུང་བ་དང་། གནས་ཚུལ་ལྟར་ན། ༢༠༠༨ ལོར། ཡ་རྫི་རྫོང་གི་ཁྱུང་ཉིན་གྲོང་སྡེར་སྔོན་ཆད་སློབ་ཆུང་ཞིག་ཡོད་པ་དེ་སློབ་གསོའི་བཅའ་བཀོད་ལེགས་སྒྲིག་བྱེད་སྐབས་གཞུང་གིས་མེད་པར་བཟོས་བ་དང་། དེའི་རྗེས་ས་གནས་ཀྱི་དཀའ་ངལ་རང་ལ་བརྟེན་རྒན་གཡང་མོ་སྐྱིད་ལགས་ཀྱིས་ས་གནས་བོད་མིའི་རེ་བ་དང་། མོ་རང་གི་ཕུགས་འདུན་ལྟར་ཁོང་མོའི་ཁེ་གཉེར་ཚོང་ཁང་གི་ཡོང་འབབ་ལ་བརྟེན་ནས་གཞུང་གི་སློབ་གྲ་མེད་པའི་བསེ་ཆང་ཁྱུང་ཉིན་སྡེ་བར་གྲ་སྒྲིག་འཛིན་གྲྭ་དང། གཞི་རིམ་འོག་མའི་འཛིན་གྲྭ་གཉིས་ལ་སློབ་མ་ཉི་ཤུ་རྩ་བཞི་ཡོད་པ་དེ་དག་ལ་བོད་ཡིག་དང།་རྒྱ་ཡིག རྩིས་རིག་སློབ་ཁྲིད་གནང་བཞིན་ཡོད་པ་བསྟོད་བསྔགས་ཀྱི་གནས་ཚུལ་འདྲ་མིན་བོད་ནང་གི་བརྒྱུད་ལམ་འདྲ་མིན་ལ་ཐོན་ཡོད།

གསར་འགོད་པ་ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org