ཉེན་རྟོག་པས་གཡག་རྐུས་བ་བཟུང་འདུག
རྒྱ་ནག་གི་ཉེན་རྟོག་པ་དང་རྐུན་མ་མཉམ་འབྲེལ་བྱས་ནས་བོད་པའི་གཡག་རྐུ་བཞིན་པ་གསལ་པོ་ར་སྤྲོད་བྱུང་ཡོད་པ།
-
2013-08-13 -
-
-
༄༅༎བོད་དཀར་མཛེས་རྟའུ་ཕྱོགས་སུ་ས་གནས་རྒྱ་ནག་གི་ཉེན་རྟོག་པས་རྐུན་མ་དང་མཉམ་འབྲེལ་བྱས་ནས་གཡག་རྐུ་བཞིན་པ་ས་གནས་བོད་མི་འབྲོག་པ་ཚོས་འཇུ་བཟུང་བྱས་འདུག
དེ་ཡང་བོད་ནས་འདྲ་པར་དང་བཅས་གནས་ཚུལ་འབྱོར་དོན་། ཟླ་འདིའི་ཚེས་༡༡ཉིན་གྱི་དགོང་མོ་ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རྟའུ་གཡུ་ཁོག་འབྲོག་སའི་ཁུལ་དུ་། ས་གནས་འབྲོག་པའི་སྒོ་ཕྱུགས་གཡག་ཁ་ཤས་རྐུན་ལ་ཤོར་བཞིན་པ་ས་གནས་བོད་མི་འབྲོག་པ་ཚོས་ཤེས་རྟོགས་བྱུང་ནས་དེ་མ་ཐག་མཉམ་རུབ་ཐོག་རྐུན་མ་འཛིན་བཟུང་བྱས་ཡོད་པ་དང་། དེ་ནི་རྒྱ་ནག་གི་ཉེན་རྟོག་པ་དང་རྐུན་མ་མཉམ་འབྲེལ་བྱས་ནས་རྐུ་བཞིན་པ་གསལ་པོ་ར་སྤྲོད་བྱུང་ཡོད་པ་མ་ཟད། སྐབས་དེར་མི་ཉག་ཕྱོགས་ཀྱི་ཉེན་རྟོག་པ་གསུམ་དང་། 川-V0760 རྟགས་ཅན་གྱི་ཉེན་རྟོག་པའི་རླངས་འཁོར་བཅས་བ་ཡང་མཉམ་དུ་ཡོད་པ་འཛིན་བཟུང་བྱས་འདུག
གསར་འགོད་པས་ས་གནས་བོད་མི་ཞིག་ལ་སྐད་ཆ་དྲིས་སྐབས། གནས་ཚུལ་དེ་ནི་ངོ་མ་ཡིན་པ་དང་། ང་ཚོའི་འབྲོག་ཕྱོགས་སུ་སྒོ་ཕྱུགས་རྐུན་ལ་ཡང་སེ་ཤོར་བཞིན་ཡོད་ཀྱང་རྩད་ཆོད་མི་ཐུབ་པར་ལུས་ཡོད། ད་ཐེངས་ཉེན་རྟོག་པས་མཉམ་འབྲེལ་བྱས་པའི་རྐུན་མ་འཛིན་བཟུང་ཐུབ་པ་ནི་བོད་མི་ཚོའི་རྒྱལ་ཁ་ཞིག་ཡིན་པས་། གོ་སྐབས་འདི་ནི་ས་གནས་ལས་བྱེད་དང་ཉེན་རྟོག་པའི་བྱ་སྤྱོད་ཐེར་འདོན་བྱེད་པའི་གོ་སྐབས་ཡག་ཤོས་ཤིག་ཡིོན་པས་། གོང་རིམ་ལ་ཞུ་གཏུགས་བྱེད་རྒྱུ་ཡིན་པ་ས་གནས་བོད་མི་ཚོས་བཤད་བཞིན་ཡོད་ཀྱང་། དོན་འབྲས་སོན་མིན་བཤད་དཀའ་བ་འདུག་ཟེར།
ཡང་ས་གནས་བོད་མི་གཞན་ཞིག་གིས་བརྗོད་དོན། གནས་ཚུལ་དེ་དོན་དངོས་ཡིན་ཐོག་ཁ་སང་དྲ་ལམ་ལ་འདྲ་པར་དང་བཅས་མང་པོ་ཁྱབ་འདུག་པས་ངས་ཀྱང་ཝེ་པོ་སོགས་སུ་འགྲེམས་སྤེལ་བྱས་མོད། ད་ལྟ་ཡོངས་སུ་མེད་པར་བཟོས་འདུག་ཅེས་བརྗོད།།