རྒྱ་ནག་གཞུང་གིས་ཡ་ཆེན་སྒར་དུ་ཡོང་མཁན་ཚོར་ཞིབ་བཤེར་ནན་པོ་བྱེད་བཞིན་འདུག

བོད་ནང་གི་ཆོས་སྡེ་ཆེན་པོ་ཡ་ཆེན་སྒར་ལ་བསྐྱོད་མཁན་ཕྱི་རྒྱལ་བ་དང་རྒྱ་ནག་ནས་ཡོང་མཁན་ཚོར་རྒྱ་ནག་གཞུང་གིས་ཞིབ་བཤེར་ནན་པོ་བྱེད་ཀྱི་ཡོད་འདུག

ཡ་ཆེན་དགོན་ཚད་ལྡན་དོ་དམ་བྱེད་ཐབས་ཕྱོགས་བསྒྲིགས་ཡིག་ཆ། ༢༠༡༨ བོད་འབྱོར།

བོད་ནང་གི་ཆོས་སྡེ་ཆེན་པོ་ཡ་ཆེན་སྒར་ལ་བསྐྱོད་མཁན་ཕྱི་རྒྱལ་བ་དང་རྒྱ་ནག་ནས་ཡོང་མཁན་ཚོར་རྒྱ་ནག་གཞུང་གིས་ཞིབ་བཤེར་ནན་པོ་བྱེད་ཀྱི་ཡོད་འདུག
རྒྱ་ནག་གཞུང་གིས་བོད་ཀྱི་ཡ་ཆེན་ཆོས་སྒར་ལ་བསུན་གཙིར་མང་པོ་བཟོ་དང་བཟོ་བཞིན་ཡོད་པ་སྤྱི་དང་། ལྷག་དོན་དུ་འདི་ལོ་ནས་བཟུང་ཡ་ཆེན་སྒར་གྱི་འདབས་སུ་རྒྱ་ནག་གཞུང་གི་ཆེད་གཉེར་ལས་ཁུང་གསར་པ་ཞིག་བཙུགས་ནས་རྒྱལ་ཁབ་གཞན་ཁག་ནས་ཡ་ཆེན་སྒར་ལ་སློབ་གཉེར་ཆེད་ཡོང་མཁན་ཚོ་རྒྱ་གཞུང་གིས་གསར་འཛུགས་བྱས་པའི་ཆེད་གཉེར་ལས་ཁང་དེ་བརྒྱུད་ནས་མ་གཏོགས་ཡ་ཆེན་སྒར་ནང་འཛུལ་མི་ཆོག་པ་བཟོས་ཡོད་འདུག འདི་ག་རླུང་འཕྲིན་ཁང་དུ་བོད་ནས་བོད་མི་ཞིག་གིས་གནས་ཚུལ་ངོ་སྤྲོད་བྱས་པར་ལྟར་ན། ཕྱི་རྒྱལ་བ་ཚོར་ཞིབ་བཤེར་ནན་པོ་བྱེད་ཀྱི་ཡོད་པ་དང་། དེ་བཞིན་རྒྱ་ནག་གི་ཞིང་ཆེན་གཞན་ཁག་ནས་ཡ་ཆེན་སྒར་ལ་གནས་མཇལ་དང་མཆོད་མཇལ་སོགས་ལ་ཡོང་བའི་བོད་མི་དང་ཡུལ་སྐོར་སྤྲོ་འཁྱམ་པ་ཚོར་ཐོབ་ཐང་ལག་ཁྱེར་ཡོད་མེད་དང་གར་ཡོད་གར་འགྲོ་སོགས་ཀྱི་སྐོར་འདྲི་རྩད་དང་ཞིབ་བཤེར་ནན་པོ་བྱེད་བཞིན་ཡོད་འདུག
ཕྱི་ལོ་ ༢༠༡༦་ལོར་རྒྱ་ནག་གཞུང་གིས་དམིགས་བསལ་དམ་དྲག་གིས་ཡ་ཆེན་ཆོས་སྒར་གྱི་གྲྭ་ཤག་ནང་པོ་གཏོར་བཤིག་དང་སྒར་ནང་སློབ་གཉེར་གནང་མཁན་གྲ་བཙུན་མང་པོ་ཕྱིར་བུད་བཏང་ཡོད་ལ། ཤེས་རྟོགས་བྱུང་བར་གཞིགས་ན། ཡ་ཆེན་དགོན་བདག་གཉེར་ཅུས་ཟེར་བ་རྒྱ་ནག་གཞུང་གིས་བཙུགས་པའི་དགོན་པར་དོ་དམ་བྱ་མཁན་གྱི་ཚོགས་ཆུང་དེས་ཡ་ཆེན་དགོན་ཚད་ལྡན་དོ་དམ་བྱེད་ཐབས་ཕྱོགས་བསྒྲིགས་ཅེས་པའི་ཁྲོམས་དོན་ལག་བསྟར་བྱ་རྒྱུའི་དེབ་ཞིག་ཀྱང་འགྲེམ་སྤེལ་བྱས་འདུག
ཡ་ཆེན་སྒར་ནི་སྤྱི་ལོ་༡༩༨༤ ལོར་ཨ་ཁྱིག་གྲུབ་དབང་འཇམ་དབྱངས་ལུང་རྟོགས་རྒྱལ་མཚན་མཆོག་གིས་ཟི་ཁྲོན་དཀར་མཛེས་དཔལ་ཡུལ་རྫོང་ཁོངས་སུ་ཕྱག་བཏབ་པ་དང་། བོད་མི་སེར་སྐྱ་དབྱེར་མེད་ཀྱིས་ནང་ཆོས་ལ་སློབ་གཉེར་དང་སྒྲུབ་པ་ཉམས་ལེན་བྱེད་སའི་བསྟི་གནས་ཆེན་པོ་ཞིག་ཡིན་པ་རེད།

གསར་འགོད་པ་ཀུན་བཟང་བསྟན་འཛིན་དང་། སེང་གེ་རི་བསོད་ནམས་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org