ཞི་ཅིང་ཕེན་གྱི་གཏམ་བཤད་ནི་བོད་ནང་དམ་དྲག་ཇེ་ཆེར་གཏོང་བའི་ལམ་ཁ་གཏོད་པ་དང་གཅིག་མཚུངས་རེད་ཟེར།
རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕེན་གྱིས་བོད་ནང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་དང་ཁ་བྲལ་ལ་ངོ་རྒོལ་སོགས་ལམ་སྟོན་མང་པོ་བྱེད་བཞིན་པས་བོད་ནང་དམ་དྲག་ཤུགས་ཆེར་འགྲོ་བའི་ལམ་ཁ་གཏོད་པ་དང་གཅིག་མཚུངས་རེད་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་གསུངས་བྱུང་།
- 2021-03-15
-
-
-
རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕེན་གྱིས་བོད་ནང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་དང་ཁ་བྲལ་ལ་ངོ་རྒོལ་སོགས་ལམ་སྟོན་མང་པོ་བྱེད་བཞིན་པས་བོད་ནང་དམ་དྲག་ཤུགས་ཆེར་འགྲོ་བའི་ལམ་ཁ་གཏོད་པ་དང་གཅིག་མཚུངས་རེད་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་གསུངས་བྱུང་།
བོད་ནང་གི་གནས་སྟངས་དངངས་སྐྲག་དང་ཉེན་ཁ་ཆེན་པོ་ཞིག་ཡོང་བཞིན་པ་ནི། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕེན་གྱིས་བོད་ནང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་དང་། ཁ་བྲལ་ལ་ངོ་རྒོལ་སོགས་ལམ་སྟོན་མང་པོ་བྱེད་བཞིན་པས། དེ་བོད་ནང་དམ་དྲག་ཤུགས་ཆེར་འགྲོ་བའི་ལམ་ཁ་གཏོད་བསྡད་པ་དང་གཅིག་མཚུངས་རེད་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་གསུངས་བྱུང་།
ཉེ་ལམ་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ཁ་ས་ཁུལ་དང་། ནག་ཆུ། གཞིས་ཀ་རྩེ་བཅས་སུ། སྤྱི་ཟླ་༣པའི་ཚེས་༩དང་༡༠བཅས་གསུམ་བཅུའི་དུས་དྲན་གྱི་སྐབས་དང་བསྟུན། ཁྲོམ་གཞུང་དུ་དྲག་པོའི་དཔུང་ཤུགས་ངོམ་པ་དང་། ལྗི་བའི་མཚོན་ཆ་ཁུར་པའི་དམག་མི་དང་རླངས་འཁོར་གྱི་རིགས་སོགས་བཏང་ཡོད་པ་མ་ཟད། སྤྱི་ཚེས་༡༣ཉིན་གཞིས་ཀ་རྩེ་རུ་རྒྱལ་ཁབ་བདེ་འཇགས་ཀྱི་མིང་ཐོག་ནས་ཚོགས་འདུ་ཞིག་འཚོགས་ཡོད་པའི་ཐོག བརྟན་བརླིང་སྲུང་སྐྱོབ་ཀྱི་ལས་དོན་ཨང་དང་པོར་ངོས་འཛིན་གྱིས། ཏཱ་ལའི་རུ་ཚོགས་ཀྱི་ཁྲ་བྲལ་གཏོར་བཤིག་གི་ལས་འགུལ་སྣ་ཚོགས་ལ་རྒོལ་རྡུང་དྲག་པོ་གཏོང་དགོས་པ་སོགས་ནན་བཤད་བྱས་ཡོད་ཅིང་། དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཀརྨ་ཆོས་དབྱིངས་ལགས་ནས། གསུམ་བཅུའི་དུས་དྲན་གྱི་སྔ་རྗེས་སུ་བོད་ཀྱི་ས་ཁུལ་མང་པོའི་ནང་། རྒྱ་ནག་གཞུང་གིས་དམ་དྲག་དང་དྲག་པོའི་དཔུང་ངོམ་བྱས་བ་ནི་འཆར་ཅན་གྱི་གནས་ཚུལ་ཅིག་ཡིན་ནའང་། བོད་ནང་གི་གནས་སྟངས་དངངས་སྐྲག་དང་ཉེན་ཁ་ཆེན་པོ་ཞིག་ཡོང་བཞིན་པ་ནི། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕེན་གྱིས་བོད་ནང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་དང་། ཁ་བྲལ་ལ་ངོ་རྒོལ་སོགས་ལམ་སྟོན་མང་པོ་་བྱེད་བཞིན་པས། དེ་ནི་བོད་ནང་དམ་དྲག་ཤུགས་ཆེར་འགྲོ་བའི་ལམ་ཁ་གཏོད་པ་དང་གཅིག་མཚུངས་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། རྒྱ་ནག་གཞུང་གིས་བོད་ནང་འཛུགས་བསྐྲུན་དང་འགྲོ་བ་མིའི་ཐོབ་ཐང་། སྨྲ་བརྗོད་རང་དབང་བཅས་ཡར་རྒྱས་སུ་བཏང་ཡོད་ན། དྲག་གནོན་གྱི་རྣམ་པ་དེ་འདྲ་སྟོན་དགོས་དོན་མེད་པས། དམ་དྲག་དང་དྲག་གནོན་གྱི་རྣམ་པ་ནི་ཁོ་ཚོས་བཤད་པ་ནང་བཞིན་གྱི་ཡར་རྒྱས་སུ་བཏང་མེད་པའི་བདེན་དཔང་རེད་ཅེས་དང་། རྒྱ་ནག་གཞུང་ནས་བོད་ནང་ཁ་བྲལ་ལ་ངོ་རྒོལ་སོགས་ཆབ་སྲིད་དྲིལ་བསྒྲགས་ཧ་ཅང་ཤུགས་ཆེར་བྱེད་བཞིན་པ་དེས། མང་ཚོགས་ཀྱི་ནང་བརྡབ་བསིག་ཆེན་པོ་ཡོང་ཉེན་ཡོད་པ་དང་། རྒྱ་ནག་གཞུང་གིས་དམར་ཤོག་ཏང་གི་སྲིད་བྱུས་དང་དྲིལ་བསྒྲགས་ལ་མ་མཐུན་པ་ཚང་མ་ཁ་བྲལ་རིང་ལུགས་ཀྱི་རྣམ་པར་བསྒྱུར་བཞིན་པ་ལས། མི་མང་གི་མངོན་འདོད་ལ་རྡོག་རོལ་གཏོང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཀརྨ་ཆོས་དབྱིངས་ལགས་ནས། རྒྱ་ནག་གཞུང་གིས་མིག་བཙུམས་ནས་མི་རིགས་ཤིག་རྩ་མེད་བཟོ་རྒྱུ་ནི་ཁོངས་འཁྱོལ་ཐབས་མེད་པ་ཞིག་ཡིན་པས། རྒྱ་ནག་གི་མགོ་ཁྲིད་ཚོས་དབུ་མའི་ལམ་གཞིར་བཞག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་བྱ་དགོས་པ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
བོད་རང་སྐྱོངས་ལྗོངས་ཀྱི་ས་གནས་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ནས་གནས་ཚུལ་
ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་ཀོང་པོ་ཁུལ་དུ། གསུམ་བཅུའི་དུས་དྲན་གྱི་སྔ་ནུབ་ཚེས་༩འི་དགོང་དྲོར། ཀོང་པོ་ས་གནས་སུ་སྤྱི་བདེ་ལས་ཁུངས་ཀྱིས་གཅིག་གྱུར་བཀོད་འདོམས་འོག དྲ་རྒྱ་བེད་སྤྱོད་བྱ་ཡུལ་དང་མགྲོན་ཁང་། རོལ་རྩེད་ཁང་སོགས་ས་ཆ་ཁག་ཅིག་ལ་ཞིབ་བཤེར་བྱས་འདུག་ཅིང་། དེ་ནི་བོད་མིའི་རང་དབང་སྒེར་ལངས་ཉིན་མོའི་སྔ་ནུབ་ཏུ་བོད་མིར་འཇིགས་སྐུལ་དང་དྲག་གནོན་གྱི་བྱ་ཐབས་ཤིག་ཡིན་པ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་ངོས་འཛིན་བྱེད་བཞིན་པ་རེད།