རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་གིས་ཐེ་ཝན་རྒྱ་ནག་མཉམ་དུ་ཟླ་བསྒྲིལ་གཏོང་རྒྱུར་སུས་ཀྱང་རྒྱ་ནག་ལ་བཀག་ཐུབ་ཀྱི་མ་རེད་ཅེས་ནན་བརྗོད་བྱེད་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་གིས་ཐེ་ཝན་ཝན་རྒྱ་ནག་མཉམ་དུ་ཟླ་བསྒྲིལ་གཏོང་རྒྱུར་སུས་ཀྱང་རྒྱ་ནག་ལ་བཀག་ཐུབ་ཀྱི་མ་རེད་ཅེས་ནན་བརྗོད་བྱེད་པ་དང་ཐེ་ལྦན་གྱི་སྲིད་འཛིན་ལའེ་ཆིང་ཏེ་ (Lai Ching-te) ཡིས་ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༡ ཉིན་གཏམ་བཤད་བྱས་པའི་ནང་། རྒྱ་ནག་གིས་འཇིགས་སྐུལ་ཇེ་ཆེར་བྱེད་བཞིན་པའི་གནས་སྟངས་འོག་ཐེ་ལྦན་བདེ་སྲུང་གི་ནུས་སྟོབས་ཤུགས་ཆེ་རུ་གཏོང་རྒྱུའི་དམ་བཅའ་བཞག་ཡོད་པ་རེད།

Reuters

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་གིས་ཐེ་ཝན་ཝན་རྒྱ་ནག་དང་མཉམ་དུ་ཟླ་བསྒྲིལ་གཏོང་རྒྱུར་རྒྱ་ནག་ལ་སུས་ཀྱང་བཀག་ཐུབ་ཀྱི་མ་རེད་ཅེས་ནན་བརྗོད་བྱེད་ཡོད་ནའང་། ཐེ་ལྦན་གྱི་སྲིད་འཛིན་ལའེ་ཆིང་ཏེ་ (Lai Ching-te) ཡིས་ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༡ ཉིན་ཕྱི་ལོ་གསར་པའི་གཏམ་བཤད་བྱས་པའི་ནང་།   རྒྱ་ནག་གི་འཇིགས་སྐུལ་ཇེ་ཆེར་འགྲོ་བཞིན་པའི་གནས་སྟངས་འོག་ཐེ་ལྦན་གྱི་བདེ་སྲུང་ནུས་སྟོབས་ཤུགས་ཆེ་རུ་གཏོང་རྒྱུའི་དམ་བཅའ་བཞག་ཡོད་འདུག 

དེ་ཡང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་གིས་རྒྱལ་ཡོངས་བརྙན་འཕྲིན་ CCTV ནང་ཕྱི་ལོ་གསར་པའི་གཏམ་བཤད་སྤེལ་བ་ལྟར་ན། ཞི་ཅིན་པིང་གིས་ཐེ་ཝན་ཝན་དང་རྒྱ་ནག་གཉིས་ནི་ཁྱིམ་ཚང་གཅིག་ཡིན་པ་དང་ང་ཚོ་ཕན་ཚུན་གྱི་འབྲེལ་བ་དེར་སུས་ཀྱང་དོ་ཕོག་གཏོང་ཐུབ་ཀྱི་མ་རེད་ལ་ནམ་ཞིག་ཐེ་ཝན་རྒྱ་ནག་སྐམ་ས་ཆེན་མོའི་མཉམ་དུ་ཟླ་བསྒྲིལ་གཏོང་རྒྱུར་རྒྱ་ནག་ལ་སུས་ཀྱང་བཀག་འགོག་བྱེད་ཐུབ་ཀྱི་མ་རེད་ཅེས་ནན་བརྗོད་བྱས་ཏེ་མི་འབོར་ས་ཡ་ ༢༣ ཡོད་པའི་ཐེ་ཝན་ཝན་རྒྱལ་ཁབ་དེ་བཞིན་རང་བཙན་གྱི་མངའ་དབང་ལྡན་པའི་རྒྱལ་ཁབ་ཡིན་ལུགས་བཤད་མཁན་ཚོར་ཉེན་བརྡ་བཏང་ཡོད་འདུག

སྔ་ལོའི་ཕྱི་ལོ་གསར་ཚེས་ཀྱི་གཏམ་བཤད་ནང་དུའང་ཞི་ཅིན་པིང་གིས། ཐེ་ཝན་དེ་བཞིན་རྒྱ་ནག་དང་སྔ་ཕྱི་མ་གཏོགས་ཟླ་བསྒྲིལ་གཏོང་རྒྱུ་ཡིན་ཚུལ་བརྗོད་པ་དང་ཕྱོགས་གཉིས་ཀའི་མི་མང་ཚོས་རྒྱལ་ཁབ་གོང་བུ་ཆིག་བསྒྲིལ་ཡོང་ཐབས་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་གཏམ་བཤད་སྤེལ་ཡོད་པ་རེད།

སྤྱིར་རྒྱ་ནག་གིས་རྒྱུན་གཏན་ནས་ཐེ་ཝན་དེ་བཞིན་རང་བཙན་ལོགས་སུ་ཡིན་པའི་འདོད་ཚུལ་བཏོན་མཁན་དང་ཡང་ན་དེར་རྒྱབ་སྐྱོར་བྱེད་མཁན་གྱི་ཕྱིའི་རྒྱལ་ཁབ་ཚོར་སྐྱོན་བརྗོད་བྱས་དང་བྱེད་མུས་ཡིན་པ་དང་།  ཉེ་བའི་དུས་སུ་ཐེ་ཝན་ཐོག་མཁའ་དབྱིངས་དང་མཚོ་བརྒྱུད་དམག་དོན་གྱི་སྟོབས་ཤུགས་ཀྱི་ལམ་ནས་སྡིག་ར་སྐུལ་བཞིན་ཡོད་པ་དང་། ཡང་ཐེ་ཝན་མཚོ་གླིང་ཉེ་འགྲམ་ཁག་ལ་དམག་སྦྱོང་བྱེད་བཞིན་ཡོད་པ་རེད།

ལྷག་པར་དུ་ཨ་མི་རི་ཀའི་ངོས་ནས་ཐེ་ཝན་ལ་གོ་མཚོན་ཚོང་འགྲེམས་དང་དཔལ་འབྱོར་གྱི་རོགས་དངུལ་གནང་བ་དེར་རྒྱ་ནག་གིས་མི་འདོད་པའི་རྣམ་པའི་ཐོག་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད་ལ་ད་རེས་སླར་ཡང་སྲིད་འཛིན་ཞི་ཅིན་པིང་གིས་རྒྱལ་ཡོངས་གཏམ་བཤད་ནང་ཐེ་ཝན་ལ་ཉེན་བརྡ་བཏང་ཡོད་འདུག

ཡང་དེ་བཞིན་ཐེ་ལྦན་གྱི་སྲིད་འཛིན་ ལའེ་ཆིང་ཏེ་ (Lai Ching-te)  ཡིས་ལོ་གསར་པའི་ཚེས་གཅིག་གི་གཏམ་བཤད་ནང་། རྒྱ་ནག་དང་། ཪ་ཤི་ཡ། བྱང་ཀོ་རི་ཡ། དེ་བཞིན་ཨི་རན་ལྟ་བུའི་མི་གཅིག་དབང་སྒྱུར་རིང་ལུགས་པའི་རྒྱལ་ཁབ་དེ་ཚོས་ད་དུང་མུ་ཐུད་ནས་མཉམ་ལས་བྱས་ནས་ཁྲིམས་ལུགས་དབང་སྒྱུར་གྱི་རྒྱལ་སྤྱིའི་སྒྲོམ་གཞིར་ཉེན་ཁ་བཟོ་བཞིན་ཡོད་པ་དང་། འདིས་རྒྱ་གར་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་ཤུགས་རྐྱེན་ཚབས་ཆེ་ཕོག་ཡོད་ཅེས་དང་། རྒྱ་ནག་གི་འཇིགས་སྐུལ་ཇེ་ཆེར་འགྲོ་བཞིན་པའི་གནས་སྟངས་འོག་ཐེ་ལྦན་གྱི་བདེ་སྲུང་ནུས་སྟོབས་ཤུགས་ཆེ་རུ་གཏོང་རྒྱུའི་དམ་བཅའ་བཞག་ཡོད་པ་རེད་འདུག 

རྒྱ་ནག་དམར་ཤོག་གིས་ཐེ་ལྦན་ནི་རྒྱ་ནག་གི་མངའ་ཁོངས་ཡིན་པར་རྩོད་ལེན་བྱེད་ཀྱི་ཡོད་པ་དང་། དམག་ཤུགས་ལ་བརྟེན་ནས་གླིང་ཕྲན་དེ་རྒྱ་ནག་དང་ཟླ་སྒྲིལ་བྱེད་རྒྱུའི་ཉེན་བརྡ་བཏང་ཡོད་ཀྱང་། དམངས་གཙོའི་ལམ་ལུགས་དང་ལྡན་པའི་ཐེ་ལྦན་གྱིས་ཐེ་ལྦན་དོན་ཐ་དག་ཐེ་ལྦན་རང་གི་ལག་ལ་ཡོད་པ་དང་། མིག་དམངས་ཀྱི་འདོད་མོས་ལ་བརྩི་བཀུར་བྱེད་དགོས་ཞེས་བསྒྲགས་ཡོད་པ་རེད། 

རྒྱ་ནག་གཞུང་གིས་འདས་པའི་ལོ་ཁ་ཤས་ནང་ཐེ་ལྦན་ལ་གནོན་ཤུགས་སྤྲོད་ཆེད་དམག་གྲུ་དང་དམག་འཐབ་གནམ་གྲུ་རྣམས་ཐེ་ལྦན་ཉེ་འགྲམ་དུ་ཉིན་ལྟར་གཏོང་བ་སོགས་ཐབས་ལམ་སྣ་ཚོགས་བེད་སྤྱོད་བྱས་ཡོད་པ་མ་ཟད། ཐེ་ལྦན་གྱི་ཕྱི་འབྲེལ་མཐུན་ཕྱོགས་རྒྱལ་ཁབ་ཚོར་རྒྱ་ནག་ལ་ཕྱོགས་བྱེད་དགོས་པའི་གནོན་ཤུགས་སྤྲད་ཡོད་པ་རེད། དེའི་ལན་དུ་ཐེ་ལྦན་གྱིས་རང་གི་དམག་དཔུང་སླར་གསོ་བྱས་པ་དང་མཐུན་ཕྱོགས་རྒྱལ་ཁབ་ཨ་རི་ནས་མཚོན་ཆ་ཉོས་ཡོད་ཅིང་། ལའེ་ཆིང་ཏེ་ (Lai Ching-te)  ཡིས་ཞི་བདེའི་དུས་སྐབས་སུ་ཐེ་ལྦན་གྱིས་ཉེན་ཁ་ལ་གྲ་སྒྲིག་བྱེད་དགོས་ཏེ། བདེ་སྲུང་གྱི་ནུས་པ་ཆེ་རུ་གཏོང་ཆེད་བདེ་སྲུང་འགྲོ་གྲོན་ཆེ་རུ་གཏོང་དགོས་པ་དང་མི་རེ་ངོ་རེར་ཐེ་ལྦན་གྱིས་དམངས་གཙོ་དང་བདེ་འཇགས་སྲུང་སྐྱོབ་བྱེད་པའི་འགན་ཁྲི་ཡོད་ཅེས་བརྗོད་འདུག 

གསར་འགོད་པ། ཪིག་འཛིན་ཆོས་སྒྲོན། སྒྲོལ་མ་ལྷ་མོ།

རྩོམ་སྒྲིག་པ།  རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་རྩོམ་སྒྲིག་པ།  བཀྲིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན།  ནོར་སྒྲོན

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org