རྒྱ་ནག་གི་སྲིད་འཛིན་ཞེ་ཡིས་བོད་དོན་ཐད་གཏམ་བཤད་གནང་བ།

རྒྱ་ནག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྩ་བ་ནས་ངོས་ལེན་མེད་ཐོག་ཁ་བྲལ་རིང་ལུགས་ལ་མུ་མཐུད་འཐབ་རྒོལ་བཤད་རྒྱུ་ཡིན་པ་བཤད་འདུག

རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གྱིས་བོད་རིགས་འཐུས་མི་དང་མཇལ་འཕྲད་སྐབས། ༢༠༡༣།༣།༩ པར་ཚགས།

རྒྱ་ནག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྩ་བ་ནས་ངོས་ལེན་མེད་ཐོག་ཁ་བྲལ་རིང་ལུགས་ལ་མུ་མཐུད་འཐབ་རྒོལ་བཤད་རྒྱུ་ཡིན་པ་བཤད་འདུག
དེ་ཡང་གནས་ཚུལ་ལྟར་ན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་གྱིས་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་དེར་རྩ་བ་ནས་ངོས་ལེན་མེད་སྐོར་དང་། ཁ་བྲལ་རིང་ལུགས་ལ་འཐབ་རྒོལ་རྒྱུན་ཆད་མེད་པར་བྱེད་རྒྱུ་ཡིན་སྐོར་གཏམ་བཤད་བྱས་ཡོད་པ་རེད། གོང་ཞུས་ཞེ་ཅིན་ཕེན་གྱི་གཏམ་བཤད་དེ་རྒྱ་གཞུང་གིས་གཉེར་བའི་གསར་འགྱུར་བརྒྱུད་ལམ་ཁག་ནང་ཁ་ཉིན་པེ་ཅིང་དུ་ཉིན་གཉིས་རིང་ཚོགས་པའི་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་ཞེས་པ་དེར་གཏམ་བཤད་བྱས་པ་ལུང་འདྲེན་བྱས་ཡོད་པ་རེད།
ཡང་རྒྱ་གཞུང་གི་འཐབ་ཕྱོགས་གཅིག་གྱུར་གྱིས་རྩོམ་བྲིས་ཤིག་སྤེལ་བ་དེའི་ནང་། བཙན་བྱོལ་བོད་མའི་སྒྲིག་འཛུགས་ཀྱིས་འདོན་གནང་བའི་དབུ་མའི་ལམ་གྱི་སྲིད་བྱུས་དེར་རྒྱ་གཞུང་གིས་དེ་སྔ་ནས་ངོས་ལེན་བྱས་མེད་སྐོར་དང་། མ་འོངས་པར་ཡང་ངོས་ལེན་བྱེད་རྩིས་མེད་སྐོར་རྩོམ་བྲིས་དེའི་ནང་བཀོད་ཡོད་འདུག            
དེ་བཞིན་གོང་ཞུས་རྩོམ་བྲིས་དེའི་ནང་དབུ་མའི་ལམ་གྱི་སྲིད་བྱུས་དེས་རྒྱ་ནག་གི་སའི་རྒྱ་ཁྱོན་གྱི་བཞི་ཆ་གཅིག་ཙམ་ཟུར་བཅད་བྱེད་ཀྱི་ཡོད་སྐོར་དང་། དབུ་མའི་ལམ་ཞེས་པ་དེ་དོན་དངོས་ཐོག་ཁ་བྲལ་རིང་ལུགས་ཀྱི་ཆབ་སྲིད་ཀྱི་རེ་འདུན་ཞིག་ཡིན་པ་རེད་ཅེས་སོགས་བཀོད་ཡོད་པ་རེད།      
ཡང་གནས་ཚུལ་ནང་བཀོད་པར་གཞིགས་ན། གོང་ཞུས་བོད་དང་འབྲེལ་བའི་ཚོགས་འདུ་དེར་སྲིད་འཛིན་ཞེ་ཅིན་ཕེན་གྱིས་བོད་མིའི་ནང་རྒྱལ་གཅེས་ཀྱི་སློབ་གསོའི་ལས་དོན་སྤེལ་དགོས་སྐོར་དང་། དགོན་སྡེ་ཁག་གི་འཛིན་སྐྱོང་ཕུགས་ཕན་ཚགས་ཚུད་ལྡན་པ་བཟོ་དགོས་པ་མ་ཟད།   ནང་པའི་ལྟ་གྲུབ་ཁག་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བ་དང་མཐུན་པ་བཟོ་ཐབས་བྱེད་དགོས་སྐོར་སོགས་ཀྱི་གཏམ་བཤད་བྱས་ཡོད་འདུག

གསར་འགོད་པ་ལྷུན་གྲུབ་ཚེ་རིང་།

འབྲེལ་ཡོད་གནས་ཚུལ་གཤམ་ལ་ཆོས་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎

གསར་འགོད་པ་ཆོས་སྐྱིད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org