རྒྱལ་ཁབ་གཞན་ལ་དབང་གནོན་དང་དབང་སྒྱུར་གྱི་མདུན་པ་བཅངས་ཀྱི་མེད་པ་བརྗོད་འདུག
སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱལ་ཁབ་གཞན་ལ་དབང་གནོན་དང་དབང་སྒྱུར་གྱི་མདུན་པ་བཅངས་ཀྱི་མེད་ལུགས་བརྗོད་ཡོད་པ།
-
2018-12-18 -
-
-
༄༅། །རྒྱ་ནག་ནང་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་ཀྱི་སྲིད་ཇུས་འགོ་འཛུགས་བྱས་ནས་ལོ་ངོ་༤༠འཁོར་བའི་དུས་ཚེས་སྲུང་རྩིའི་སྐབས་སྲིད་འཛིན་Xi Jinping གིས་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་དང་གོང་འཕེལ་གྱི་ལས་དོན་ནང་། རྒྱལ་ཁབ་གཞན་ལ་དབང་གནོན་དང་དབང་སྒྱུར་གྱི་མདུན་པ་བཅངས་ཀྱི་མེད་ལུགས་བརྗོད་ཡོད་པའི་སྐོར་གནས་ཚུལ་ནང་གསལ་འདུག༎
རྒྱ་ནག་གི་ཁྲོམ་ར་སྒོ་མོ་ཕྱེས་ཏེ་དཔལ་འབྱོར་བཅོས་བསྒྱུར་གྱི་སྲིད་ཇུས་ལག་བསྟར་འགོ་འཛུགས་བྱས་ནས་ལོ་ངོ་བཞི་བཅུ་འཁོར་གྱི་ཡོད་པ་དང་། དེ་ནས་བཟུང་དུས་ད་ལྟའི་བར་རྒྱ་ནག་དེ་བཞིན་འཛམ་གླིང་ཐོག་དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཨང་གཉིས་པ་ཆགས་ཡོད་པ་རེད། ཚེས ༡༧ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་འགོ་འཛུགས་བྱས་པའི་དུས་ཚེས་སྲུང་བརྩིའི་སྐབས་སྲིད་འཛིན་ཞི་ཅིན་ཕིང(Xi Jinping) གིས། རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་ཀྱི་གྲུབ་འབྲས་ལ་མ་ལྟོས་པར། རྒྱ་ནག་ངོས་ནས་གོ་ལའི་སྟེང་དབང་གནོན་དང་དབང་སྒྱུར་རྒྱ་ཆེར་གཏོང་རྒྱུའི་དམིགས་ཡུལ་བཟུང་གི་མེད་ལུགས་དང་། དེ་ལས་ལྡོག་སྟེ་རྒྱ་ནག་ངོས་ནས་འགྲོ་བ་མིའི་སྤྱི་ལ་ཕན་བདེ་སྒྲུབ་རྒྱུར་ལེགས་སྐྱེས་ཇི་ལྟར་ཕུལ་ཡོད་ལུགས་གཏམ་བཤད་བྱས་འདུག སྲིད་འཛིན་ཞི་ཅིན་ཕིང(Xi Jinping) གིས་གཏམ་བཤད་ནང་། ཨ་རི་དང་རྒྱ་ནག་དབར་དེང་སྐབས་རྣོ་ངར་ཆེ་བའི་ཚོང་དོན་གྱི་རྩོག་རྙོག་སྐོར་གླེང་མེད་པ་རེད། རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་ཚོའི་ཐོག་ དམ་བསྒྲགས་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་ཁར་ཤར་ཏུར་ཀི་སིན་ཐན་གྱི་ཡུ་གུར་ཁ་ཆེ་གྲངས་ཉུང་མི་རིགས་ས་ཡ་གཅིག་ལྷག་ཙམ་ སློབ་གསོ་བསྐྱར་མའི་ལྟེ་གནས་ཞེས་པའི་ནང་དོ་དམ་བཀག་ཉར་བྱས་པའི་གནད་དོན་ལ་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་དང་། དེ་བཞིན་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་དམག་དོན་གྱི་རྟེན་གཞི་འཛུགས་བསྐྲུན་བྱེད་པ་བརྒྱུད་དེ་ཁུལ་གྱི་མཚོ་གླིང་ཁག་རྒྱ་ནག་གིས་དབང་སྒྱུར་བྱ་རྩིས་བྱེད་ཀྱི་ཡོད་པར་ཉེ་འཁོར་གྱི་ཨེ་ཤེ་ཡའི་ཡུལ་ཁག་ལ་བློ་འཚབ་སྐྱེ་གཞི་ཆགས་ཡོད་པ་རེད། སྲིད་འཛིན་Xi Jinping གིས་ཁ་སའི་གཏམ་བཤད་ནང་། རྒྱ་ནག་ཕྱོགས་ནས་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་དབང་གནོན་བྱ་རྒྱུའི་ཕུགས་བསམ་མེད་པའི་ཁར་དེ་ལས་ལྡོག་སྟེ་ རྒྱ་ནག་དེ་བཞིན་འཛམ་གླིང་ཐོག་ཞི་བདེ་གོང་འཕེལ་གཏོང་མཁན་དང་། རྒྱལ་སྤྱིའི་ཁྲིམས་སྒྲིག་ལ་སྲུང་སྐྱོབ་བྱ་མཁན་ཞིག་དང་། དེ་བཞིན་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་གྱི་ལས་དོན་སྣེ་འཁྲིད་བྱེད་མཁན་རྒྱལ་ཁབ་གཙོ་བོ་དེ་ཡིན་ལུགས་བརྗོད་འདུག།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།