ཞི་ཅིན་ཕིན་གྱི་འདས་པའི་ལོ་བཅུའི་ནང་བོད་ཀྱི་ཆོས་དང་རིག་གཞུང་སོགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ཤིག་བཟུང་ཡོད་པ། སྤྱི་འཐུས་ཚོགས་གཙོས་གསུངས་སོང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས། གནད་དོན་དེ་རིགས་དུས་རྒྱུན་རྒྱ་ནག་གི་དྲིལ་བསྒྲགས་བྱེད་སྟངས་ཤིག་ལས། འདས་པའི་ལོ་བཅུའི་ནང་བོད་ཀྱི་བཞུགས་མོལ་ཚོགས་འདུ་གཙོས་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་ཚང་མ་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་ཤིག་བཟུང་ཡོད་པ་གསུངས་སོང་།

བོད་ཀྱི་འཐུས་མི་ཚོགས་པའི་ཟུར་ཚོགས་གྲོས་བསྡུར་སྟེང་ཝང་ཡང་མཉམ་ཞུགས་བྱས་ཡོད་པའི་པར་རིས། ༢༠༢༢།༡༠།༡༨ China State Media

ཕྱི་ཟླ་༡༠ཚེས་༡༧ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཟེར་བ་དང་འབྲེལ། རྒྱ་ནག་གིས་བཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་པའི་ཟུར་ཚོགས་གྲོས་བསྡུར་ཟེར་བའི་སྟེང་། རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཝང་ཡང་ཟེར་བ་ཚོགས་འདུའི་ཁྲོད་ཞུགས་སྟེ། ཞི་ཅིན་ཕིན་གྱི་འདས་པའི་ལོ་༡༠་དེ་བོད་ཀྱི་འཕེལ་རྒྱས་དང་། བོད་ལ་ཕན་ཐོགས་ཆེ་ཤོས་ཀྱི་དུས་ཚོད་ཅིག་ཆགས་ཡོད་པ་སོགས་བཤད་ཡོད་ཀྱང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས། གནད་དོན་དེ་རིགས་དུས་རྒྱུན་རྒྱ་ནག་གི་དྲིལ་བསྒྲགས་བྱེད་སྟངས་ཤིག་ལས། འདས་པའི་ལོ་བཅུའི་ནང་བོད་ཀྱི་བཞུགས་མོལ་ཚོགས་འདུ་གཙོས་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་ཚང་མ་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་ཤིག་བཟུང་ཡོད་པ་གསུངས་སོང་།

རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ནང་ཝང་ཡང་གིས་ཟུར་ཚོགས་སྟེང་། མ་འོངས་པར་བོད་མི་ཚོས་རྒྱ་ནག་གི་རྣམ་པའི་དེང་རབས་ཅན་གྱི་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་པ་སོགས་བརྗོད་ཡོད་པ་དང་། ཡང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་མ་འོངས་པར་བོད་མི་མང་སྤྱི་འཐུས་ངོས་ནས་རྒྱ་ནག་དང་འབྲེལ་བའི་སྲིད་བྱུས་འཛིན་སྟངས་དང་། རྒྱལ་སྤྱིའི་སྟེང་བོད་དོན་སྲིད་བྱུས་ལ་དབྱེ་ཞིབ་བྱ་དགོས་པ་ཞིག་བསམ་བློ་གཏོང་གི་ཡོད་པ་གསུངས་སོང་།

རྒྱ་ནག་གཞུང་གིས་དུས་རྒྱུན་བོད་ནང་གི་བོད་མི་ཚོའི་འཚོ་བ་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཡར་རྒྱས་འགྲོ་བཞིན་པའི་དྲིལ་བསྒྲགས་བྱེད་བཞིན་ཡོད་པ་ལྟར། ཞི་ཅིན་ཕིན་གྱི་འདས་པའི་ལོ་༡༠ནང་བོད་ནང་གི་སློབ་གྲྭ་ཁག་ཏུ་རྒྱ་སྐད་གཙོ་ཁྲིད། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་ཐབས།གཞན་ཡང་སྒེར་གཉེར་སློབ་གྲྭ་ཁག་སྒོ་བརྒྱབ་པ། བོད་ཀྱི་འབྲོག་པ་མང་པོ་གང་བྱུང་གནས་སྤོར་གྱི་སྲིད་བྱུས་མང་པོ་ཞིག་བྱུང་ཡོད་ན་ཡང་། ཝང་ཡང་གིས་འདས་པའི་ལོ་བཅུའི་ནང་བོད་མི་ཚོའི་འཚོ་བ་དང་། བོད་ནང་བརྟན་ལྷིང།དཔལ་འབྱོར་འཕེལ་རྒྱས། མཐའ་མཚམས་སྟོབས་ཤུགས་ཆེ་རུ་གཏོང་བའི་གྲུབ་འབྲས་ཆེན་པོ་བཞིན་ཐོན་ཡོད་པ་བཤད་ཡོད་ཀྱང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་འོད་ལགས་ནས། ཞི་ཅིན་ཕིན་གྱི་འདས་པའི་ལོ་བཅུ་དེ་བོད་ནང་ལ་མཚོན་ན་འཛིན་བཟུང་བཀག་སྐྱིལ་དང་། ཉེས་མེད་ཉེས་འཛུགས་སོགསའགྲོ་བ་མིའི་ཐོབ་ཐང་གནས་སྟངས་ངོས་ནས་ཧ་ཅང་དམ་དྲག་ཆེ་ཤོས་ཀྱི་དུས་སྐབས་ཤིག་ཆགས་ཡོད་པ་བརྗོད་བྱུང་།

ཝང་ཡང་ནི་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དང་། ཁོས་ཐེངས་འདིར་བོད་རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་གཙོ་འཛིན་དང་། བརྟན་ལྷིང་ཆེད་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་པ་སོགས་བཤད་འདུག་ལ། ཁོས་དེ་སྔ་ཕྱི་ལོ་༢༠༡༨དང་ཕྱི་ལོ་༢༠༢༠། གཞན་ཡང་ཕྱི་ལོ་༢༠༢༢བཅས་སུ་བོད་ཀྱི་རྒྱལ་ས་ལྷ་ས་དང་ཆབ་མདོ། དཀར་མཛེས། བསང་ཆུ་རྫོང་སོགས་སུ་ལྟ་སྐོར་དང་འབྲེལ། བོད་མི་ཚོས་ཁ་བྲལ་ལ་ངོ་རྒོལ་དང་། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་དགོས་པའི་གཏམ་བཤད་ཐེངས་ཁ་ཤས་ལ་བྱས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org